མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་ཀྲེང་དབྱི་རུང་དང་
མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧན་གོའི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་རྒྱལ་ཁབ་བདེ་སྲུང་ཁང་གི་འགོ་འཛིན་ཀྲེང་དབྱི་རུང་དང་མཇལ་འཕྲད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་དམིགས་བསལ་ཕོ་ཉ་སྐུ་ཞབས་ཁྱེད་ཀྲུང་གོ་ཕྱོགས་ལ་ཁྲའོ་ཞན་ལ་འཚམས་འདྲིར་ཕེབས་པ་དང་ཨ་རིར་སྐྱོད་ནས་ཁྲའོ་ཨ་དབར་སྐད་ཆ་ཤོད་རེས་བྱེད་པར་སྐུལ་འདེད་གཏོང་བའི་གནས་ཚུལ་ཆེད་མངགས་བརྡ་ཁྱབ་གཏོང་བར་མངགས་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་བསྔགས་བརྗོད་བྱ་རྒྱུ་ཡིན། ཁྲའོ་ཞན་ཕྱེད་གླིང་གི་ཁྱིམ་མཚེས་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་། ཕྱེད་གླིང་གི་ལྷོ་བྱང་གཉིས་ཀྱིས་ཕན་ཚུན་འབྲེལ་བ་ལེགས་སུ་གཏོང་བ་དང་། མཐུན་འགྲིག་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཨ་ཁྲའོ་དབར་འབྲེལ་གཏུག་བྱས་ནས་སྐད་ཆ་ཤོད་རེས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། རང་སོ་སོའི་དོ་ཁུར་བྱ་ཡུལ་ཐག་གཅོད་བྱ་རྒྱུར་གྲོས་མོལ་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱེད་གླིང་ལ་ཉིང་རྡུལ་དང་། དམག་འཁྲུག ཟིང་ཆ་བཅས་མེད་པ་བྱ་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་ཤིག་ཡིན། མིག་སྔར་ཕྱེད་གླིང་ལ་ཞི་ལྷོད་དང་སྐད་ཆ་ཤོད་རེས་ཀྱི་གོ་སྐབས་འཕྲད་པས་ཧན་གོ་ཕྱོགས་ཀྱིས་དེའི་ཐད་འབད་བརྩོན་ཧུར་ཐག་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་གདེང་འཇོག་བྱ་རྒྱུ་ཡིན་ལ་ཧན་གོ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབྲེལ་ཡོད་ཕྱོགས་ཁག་གི་ལས་དོན་སྔར་བས་སྒྲུབ་པ་དང་ཀྲུང་གོ་ཕྱོགས་ཀྱི“ལམ་གཉིས་མཉམ་སྐྱོད”ཀྱི་བསམ་བློ་དང་དེ་བཞིན་ཕྱོགས་ཁག་གི་ཕན་ཐོགས་ཡོད་པའི་གྲོས་འགོ་དང་ཟུང་འབྲེལ་བྱས་ནས་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་ཀྱང་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་ཕྱོགས་ཁག་གིས་ངང་རྒྱུད་རིང་པོ་དང་ཞིབ་ཚགས་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་བློ་གྲོས་འདོན་སྤེལ་བྱས་ནས་སྐད་ཆ་བསྐྱར་མ་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་གནད་དོན་སྣ་ཚོགས་དང་འགལ་རྐྱེན་སྣ་ཚོགས་ལ་འོས་འཚམ་ངང་ཁ་གཏད་གཅོག་དགོས། ང་ཚོས་ལྷོ་བྱང་གི་འགོ་གཙོ་གཉིས་ཐུག་འཕྲད་དང་ཁྲའོ་ཨ་དབར་སྐད་ཆ་ཤོད་རེས་བྱེད་པ་དང་འབྲེལ་ཕྱེད་གླིང་ལ་ཉིང་རྡུལ་མེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ཕན་ཚུན་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བའི་ཐད་ངོ་བོའི་རང་བཞིན་གྱི་ཕན་རིམ་ཐོན་རྒྱུའི་རེ་སྒུག་བྱ་རྒྱུ་ཡིན། བསམ་པ་རྣམ་དག་བྱས་ན་མི་འགྲུབ་པའི་བྱ་བ་ཅི་ཡང་མེད། གལ་ཏེ་ཕྱོགས་ཁག་གིས་ཕྱེད་གླིང་ལ་ཉིང་རྡུལ་མེད་པ་དང་དེ་བཞིན་ཞི་བདེ་བརྟན་ལྷིང་གི་རྩ་བའི་དམིགས་ཚད་ལ་དམིགས་ཚེ། ཁྲའོ་ཞན་ཕྱེད་གླིང་འདི་ཉིད་དཔྱིད་ཀ་ཤར་ནས་མེ་ཏོག་རྣམ་པར་བཞད་པའི་དུས་ཤིག་འཆར་ངེས་ཡིན་ཞེས་གསུངས་པ་རེད།