མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ་·མེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ་·མེ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ་·མེ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་དང་ཐོག་ཐེ་ལེ་ཧྲ་·མེ་བརྒྱུད་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པར་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཞི་ཅིན་ཕིང་གིས་དབྱིན་ཇི་ནི་ཀྲུང་གོ་གསར་པ་ཁས་ལེན་སྔ་ཤོས་བྱེད་མཁན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་རེད། ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། 2015ལོར་ངས་དབྱིན་ཇིར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་བྱས་པ་ཡིན། ཕྱོགས་གཉིས་པོས་ཐུན་མོང་ཐོག་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི“རྫོགས་ལྡན་དུས་སྐབས་ཀྱི་ལེའུ”བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་དུས་རབས་གསར་པའི་ནང་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་རྒྱུ་དང་འབྲེལ་འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་ཆེད་ནུས་ཤུགས་དེ་བས་མང་བ་འདོན་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་ཅན་བཅས་སུ་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་མིའི་རིགས་ཀྱི་ལས་དབང་མཉམ་དུ་འབྲེལ་བས་ཞི་བདེ་དང་། གོང་འཕེལ། མཉམ་ལས། གཉིས་ཁེ་བཅས་དུས་རབས་ཀྱི་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད། ཀྲུང་དབྱིན་ཕྱོགས་གཉིས་པོས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་རྒྱལ་ཁབ་གཉིས་པོའི་རང་ངོས་ཀྱི་འཕེལ་རྒྱས་དུས་མཚམས་དང་མཉམ་ལས་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་ཐུན་མོང་ཐོག“རྫོགས་ལྡན་དུས་རབས”ཀྱི་རྣམ་པ་གསར་པ་གཏོད་དགོས། གཅིག་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“རྫོགས་ལྡན་དུས་རབས”ཀྱི་འཐབ་ཇུས་རང་བཞིན་ཆེ་རུ་བཏང་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ལྟ་སྟངས་འཛིན་པ་དང་ཕྱོགས་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་འཆར་འགོད་བྱེད་དགོས། འཐབ་ཇུས་དང་། ནོར་སྲིད་དང་དངུལ་རྩ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་མཐོ་རིམ་གླེང་མོལ་ལམ་སྲོལ་མུ་མཐུད་ཡག་པོ་གཉེར་ནས“རྫོགས་ལྡན་དུས་རབས”ཀྱི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་ཏང་། ཕྱོགས་གཉིས་པོའི་དམག་དཔུང་བཅས་དབར་གླེང་མོལ་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་བསམ་ཤེས་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་ལ་བརྩི་འཇོག་བྱས་ཏེ་དགེ་མཚན་ལྡན་པའི་བྱ་ཐབས་ཀྱི་ཐོག་ནས་ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། གཉིས་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི“རྫོགས་ལྡན་དུས་རབས”ཀྱི་དོན་གཉེར་རང་བཞིན་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩ་དང་། ཉིང་རྡུལ་གློག་ལ་མ་འཇོག་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་རྩོལ་བྱུང་རིག་ནུས་དང་། ལྗང་མདོག་ནུས་རྒྱུ། གྲངས་འཛིན་དཔལ་འབྱོར། མཉམ་སྤྱོད་དཔལ་འབྱོར་སོགས་ཀྱི་ལས་རྣམ་གསར་པའི་མཉམ་ལས་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ཚོང་དོན་རང་མོས་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”ནི་ཡོངས་བསྒྲགས་དང་། ཁ་གསལ། སྒོ་དབྱེ། བསྟུན་མཁས། གཉིས་ཁེ་གཉིས་ཕན་བཅས་ཀྱི་གྲོས་འགོ་ཞིག་ཡིན་པས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྲོམ་རའི་ཆོས་ཉིད་དང་རྒྱལ་སྤྱིའི་སྒྲིག་སྲོལ་འོག་འཁོར་སྐྱོད་བྱེད་དགོས། ཀྲུང་དབྱིན་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཁྱབ་ཁོངས་དེ་བས་ཆེ་བ་དང་། ཆུ་ཚད་དེ་བས་མཐོ་བ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་གཉིས་ཕན་མཉམ་ལས་བྱེད་ཆོག་གི་ཡོད། གསུམ་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“རྫོགས་ལྡན་དུས་རབས”ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་རྒྱ་ཆེར་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་སྤེལ་རེས་དང་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ། བཞི་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“རྫོགས་ལྡན་དུས་སྐབས”ཀྱི་བསྟུན་མཁས་རང་བཞིན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་ཚང་མ་བསྡུ་ལེན་དང་ཤེས་བྱ་གང་མང་འཚོལ་བསྡུ་བྱེད་པའི་སྲོལ་རྒྱུན་གྱི་འདུ་ཤེས་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་འགྲོ་འོང་སྤེལ་རེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་མི་འདྲ་བའི་རྒྱལ་ཁབ“ཞི་བདེ་མཉམ་གནས”ཡོང་རྒྱུར་མིག་དཔེ་ཡག་པོ་སྟོན་དགོས་པའི་ནན་བཤད་གནང་བ་རེད།
         ཐེ་ལེ་ཧྲ་·མེ་ཡིས་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་སྤྲོད་ཞུས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གནང་བའི་གདེང་འཇོག་ལ་ངས་མོས་མཐུན་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2015ལོར་དབྱིན་ཇིར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་ནས་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“རྫོགས་ལྡན་དུས་རབས”ཕྱེ་སྟེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་མང་པོ་ཞིག་གི་ཐད་ཀྲུང་གོ་ཕྱོགས་ཀྱི་ལྟ་སྟངས་དང་དབྱིན་ཇི་ཕྱོགས་ཀྱི་ལྟ་སྟངས་འདྲ་པོ་ཡོད་པས་རྒྱལ་སྤྱིའི་བྱ་བའི་ཁྲོད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག་གནང་བའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་དགའ་བསུ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གྲོས་འགོར་གཏིང་ཟབ་པའི་འཛམ་གླིང་གི་ཤུགས་རྐྱེན་ལྡན་ཡོད་པས་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”ནང་མཉམ་ལས་བྱས་ནས་གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡོད། དབྱིན་ཇིས་རང་མོས་ཚོང་དོན་གྱི་འདོད་ཚུལ་བཟུང་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་དང་། མ་འཇོག ཚན་རྩལ། ཁོར་ཡུག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། དྲ་སྦྲེལ་སོགས་ཀྱི་ཁྱབ་ཁོངས་ཁྲོད་དོན་གཉེར་མཉམ་ལས་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་མཐུན་སྦྱོར་བྱེད་ཟབ་ཏུ་བཏང་ཐོག་དུས་རབས་21པར་ཕྱོགས་པའི་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།