མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་བསྟན་དོན་ཨོ་ལིམ་ཕིག་འགྲན་བསྡུར་སོགས་ཀྱི་མཐོ་རྒྱུགས་སྐར་སྣོན་ཕྱོགས་
ཡོངས་ནས་མེད་པར་བཟོ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུས་《2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་ནས་ལུས་རྩལ་ལ་བྱང་ཆུབ་པའི་སློབ་མ་དང་། སློབ་འབྲིང་སློབ་མའི་རིགས་ཚན་གྱི་ཨོ་ལིམ་ཕིག་འགྲན་བསྡུར། ཚན་རྩལ་རིགས་ཀྱི་འགྲན་བསྡུར། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་མ། བསམ་བློ་ཆབ་སྲིད་ཀུན་སྤྱོད་ཐད་བྱས་རྗེས་མངོན་གསལ་བཞག་པ་སོགས་རྒྱལ་ཡོངས་རང་བཞིན་གྱི་སྐར་སྣོན་རྣམ་གྲངས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུའི་བླང་བྱ་བཏོན་པ་རེད།
       བརྡ་ཐོའི་ནང་བླང་བྱ་བཏོན་དོན། མཐོ་རིམ་སློབ་འབྲིང་སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱི་ཡིག་ཚགས་བེད་སྤྱོད་ལ་ཤུགས་སྣོན་དང་འོས་སྐྱེལ་སློབ་མ་དང་། རང་བརྟེན་སློབ་མ་བསྡུ་བ། ཕྱོགས་བསྡུས་གདེང་འཇོག་ཀྱི་ཚོད་ལྟ། ཆུ་ཚད་མཐོ་བའི་སྒྱུ་རྩལ་ཚོགས་པ། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས། ལུས་རྩལ་སྦྱོང་བརྡར་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ། མཐོ་རིམ་ལས་རིགས་ཀྱི་རིགས་དབྱེའི་རྒྱུགས་ལེན་སོགས་(གཤམ་ལ་དམིགས་བསལ་རིགས་ཞེས་བསྡུ་རྒྱུ)ཀྱི་སློབ་མ་བསྡུ་རིང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱི་གདེང་འཇོག་གྲུབ་འབྲས་སློབ་བསྡུའི་དཔྱད་གཞི་གལ་ཆེན་ལ་བརྩི་རྒྱུ་རེད། མཐོ་སློབ་ཀྱི་སློབ་བསྡུའི་ཁག་ཐེངས་ཉུང་དུ་གཏོང་བའི་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་དང་། དེ་བཞིན་དངོས་གཞིའི་ཚན་ཁག་ཁག་ཐེངས་ཟླ་སྒྲིལ་གཏོང་རྒྱུ་ཡིན་པའི་ཞིང་ཆེན་གྱིས་དམིགས་བསལ་རིགས་ཀྱི་སློབ་མ་བསྡུ་བའི་རིག་གནས་སློབ་ཚན་གྱི་སྐར་གྲངས་ཀྱི་ཚད་གཞི་དམའ་ཤོས་གཏན་འཁེལ་ལུགས་མཐུན་བྱས་ཏེ་ཁག་ཐེངས་ཟླ་སྒྲིལ་མ་བཏང་གོང་གི་དེ་མཚུངས་ཀྱི་བླང་བྱ་ལས་མི་དམའ་བ་བྱེད་དགོས།
       བརྡ་ཐོའི་ནང་བསྟན་དོན། མཐོ་སློབ་ཀྱིས་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་དང་འབྲེལ་བ་ཡོད་པའི་བླང་བྱ་ལག་བསྟར་ནན་པོ་བསྟར་ནས་མིང་ཐོ་འགོད་པའི་ཆ་རྐྱེན་དང་། དཔྱད་ཡིག་ཞིབ་བཤེར། སློབ་གྲྭས་དཔྱད་ཞིབ། ལྟ་སྐུལ་ཚོད་འཛིན། རྫུན་བཟོ་ཆད་གཅོད་བཅས་ནན་པོ་བྱས་ཏེ་ལག་ཁྱེར་དང་། གསར་གཏོད། ཁེ་བེད་བདག་ཐོབ། དཔྱད་རྩོམ་བཅས་ཉོ་ཚོང་དང་རྫུན་བཟོའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། སྤྱི་ཚོགས་ཀྱི་ལས་ཁུངས་དང་ཀུང་སིས་བཏོན་པའི་ལྟ་ཞིབ་ཚད་ལེན་གྲུབ་འབྲས་དང་སློབ་བསྡུའི་ལས་དོན་ཟུང་དུ་འབྲེལ་མི་རུང་བ་དང“སློབ་མའི་ཡོང་ཁུངས་རྟེན་གཞི”སོགས་ཀྱི་རྣམ་པར་བརྟེན་ནས་སློབ་འབྲིང་གི་ཁྱབ་ཁོངས་གཏན་འཁེལ་མི་བྱེད་པར་རྒྱུགས་ལེན་སློབ་བསྡུ་དྲང་སྙོམས་དྲང་བདེན་ཡོང་བར་བྱེད་དགོས། མིང་ཐོ་འགོད་པ་དང་། ཡིག་རྒྱུགས། བསྡུ་བ་སོགས་ཀྱི་སློབ་མ་བསྡུ་བའི་ལྷུ་ཚིགས་ཁག་ལ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐོན་ཚེ་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་དོ་བདག་དང་། དེ་བཞིན་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དམིགས་བསལ་རིགས་ཀྱི་སློབ་མ་བསྡུ་རིང་སྒྲིག་སྲོལ་ལས་འགལ་བའི་སློབ་མ་དང་། མཐོ་སློབ། སློབ་འབྲིང་། དེ་བཞིན་འབྲེལ་ཡོད་ལས་དོན་མི་སྣར་ཐག་གཅོད་ནན་པོ་བྱེད་དགོས། དེའི་ནང་མི་སྒེར་གྱི་ཆ་འཕྲིན་རྫུས་མའམ་ཡང་ན་རེ་ཞུའི་དཔྱད་ཡིག་རྫུས་མ་མཁོ་འདོན་བྱས་ཚེ་རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་རིང་གཡོ་ལས་སུ་མཐའ་གཅིག་ཏུ་ངོས་འཛིན་བྱས་ཏེ་འབྲེལ་ཡོད་རིགས་ཀྱི་སློབ་མ་བསྡུ་བའི་མིང་ཐོ་འགོད་པ་དང་། ཡིག་རྒྱུགས། སློབ་མ་བསྡུ་བ་སོགས་ཀྱི་ཐོབ་ཐང་མེད་པར་བཟོ་རྒྱུ་དང་དུས་མཚུངས། འབྲེལ་ཡོད་ཀྱི་ཞིང་ཆེན་རིམ་པའི་སློབ་བསྡུ་ཡིག་རྒྱུགས་ལས་ཁུངས་སམ་ཡང་ན་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་བརྡ་ཁྱབ་བཏང་ནས་ལོ་དེའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པ་དང་། ཡིག་རྒྱུགས། སློབ་བསྡུ་སོགས་ཀྱི་ཐོབ་ཐང་མེད་པར་བཟོ་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས། ལོ་གསུམ་ནང་ཚུན་དུ་རྒྱལ་ཁབ་ཀྱི་སློབ་གསོའི་རིགས་ཀྱི་ཡིག་རྒྱུགས་ལ་གནས་སྐབས་རིང་ཞུགས་མི་ཆོག་པའི་ཆད་པ་གཅོད་རྒྱུ་ཡིན་པ་རེད།