མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་རི་ཨེན་པེ་ཁོ་ཕུའུ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་རི་ཨེན་པེ་ཁོ་ཕུའུ་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁེར་གྷི་སི་ཐན་གྱི་ཙུང་ཐུང་རི་ཨེན་པེ་ཁོ་ཕུའུ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཁེར་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་ཡིད་མཐུན་མགྲིན་གཅིག་ཏུ་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་རྩོམ་འགོ་བཙུགས་པ་རེད།
         ཞི་ཅིན་ཕིང་གིས་རི་ཨེན་པེ་ཁོ་ཕུའུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ལ་ཞུགས་པར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་ཁེར་རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་གཞན་ཞིག་ཡིན། དེས་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་པའི་ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དགོངས་པ་དར་སྤེལ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་ལ་གཞོལ་བ། ཐུན་མོང་འབད་འཐབ་ཀྱིས་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་སྔ་ཤོས་དང་ཞུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་བསམ་ཕྱོགས་གསར་འབྱེད་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་སྐས་རིམ་གསར་པར་རྒྱུན་མི་ཆད་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཁེ་ཕན་སྣོལ་འབྲེལ་བྱེད་གནས་དང་འཕར་གཞི་སྔར་བས་མང་པོ་འཚོལ་དགོས་ལ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་དང་རྣམ་གྲངས་ཐུན་མོང་ཐོག་འཆར་འགོད་ཡག་པོའང་བྱེད་དགོས་པ་དང་། དཔལ་འབྱོར་ཚོང་དོན་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་སྟེ་རྣམ་གྲངས་ཆེ་རིགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། མི་ཆོས་དང་ས་གནས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་འབྲེལ་བ་ཟབ་ཏུ་གཏོང་དགོས། བདེ་འཇགས་ཐད་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་ནས“ངན་ཤུགས་གསུམ”དང་རྒྱལ་ཁབ་ལས་སྒྲོལ་བའི་སྒྲིག་འཛུགས་ལྡན་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བླངས་པའི་ལས་དོན་ལ་ཁེར་གྷི་སི་ཐན་ཕྱོགས་ནས་རྒྱབ་སྐྱོར་ཆེན་པོ་གནང་བར་གདེང་འཇོག་ཆེན་པོ་གནང་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་སྐྱོན་བྲལ་དང་བརྟན་ལྷིང་གི་སྲོལ་ལམ་བརྒྱུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          རི་ཨེན་པེ་ཁོ་ཕུའུ་ཡིས་ཀྲུང་གོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རིན་བྲལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཁེར་ཀྲུང་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ལེའུ་གསར་རྐྱང་ཞིག་གཏོད་འགོ་ཚུགས་ཡོད། ཁེར་གྷི་སི་ཐན་གྱིས་ཀྲུང་གོ་དང་འབྲེལ་བ་འཛུགས་རྒྱུ་དེ་སྔོན་འགྲོའི་ཁ་ཕྱོགས་སུ་འཛིན་གྱི་ཡོད། སྔོན་མ་དང་། ད་ཆ། མ་འོངས་བཅས་ཚང་མར་ཀྲུང་གོའི་བློས་འགེལ་ཆོག་པའི་ཁྱིམ་མཚེས་དང་། རོགས་ཟླ། གྲོགས་པོ་བཅས་ཡིན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་རྩ་བརྟན་པོས་ལག་བསྟར་བྱ་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་མི་ཆོས་སོགས་ཀྱི་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་ཏེ“ངན་ཤུགས་གསུམ”ལ་འཕྱར་བ་གྲུ་འདེགས་ཀྱིས་རྡུང་རྡེག་བཏང་ནས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། བདེ་འཇགས་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རླབས་ཆེན་གྲོས་འགོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་དེ་ལས་ས་ཁུལ་དེ་ག་ཐུན་མོང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཐེབས་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་ཀྱི་གྲོས་མཐུན་ཁག་རྒྱུན་མཐུད་ཡོང་བ་བྱ་རྒྱུ་ཡིན། ཁེར་གྷི་སི་ཐན་གྱིས་ཀྲུང་གོའི་འགོ་ཁྲིད་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
          གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་འབྲེལ་ཕྱོགས་གཉིས་པོའི་དབར་གྱི་མཉམ་ལས་ཡིག་ཆ་ཁག་གི་ཐོག་མིང་རྟགས་བཀོད་པའི་དཔང་པོ་ཡང་གནང་བ་རེད།