མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏ་ལེན་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཏ་ལེན་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་
འཛོམས་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7དང་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ལེན་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་བློ་མཐུན་ཨུ་ཡོན་ཀྲང་གིས་མིག་སྔའི་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་འགག་རྩའི་སྐབས་ཉིན་40ལྷག་གི་རྗེས་སུ་སླར་ཡང་ཆེད་མངགས་ཀྲུང་གོར་ཕེབས་ནས་ང་དང་ཞལ་འཛོམས་བྱུང་བ་དེ་ཐོག་ནས་བློ་མཐུན་ཨུ་ཡོན་ཀྲང་དང་ཁྲའོ་ཞན་ཏང་ཀྲུང་དབྱང་གིས་ཀྲུང་གོ་དང་ཁྲའོ་ཞན་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མཐོང་ཆེན་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཀྱི་འབྲེལ་ལམ་ལ་མཐོང་ཆེན་པོ་གནང་བ་མཚོན་གྱི་ཡོད་པས་ངས་གདེང་འཇོག་ཆེན་པོ་བྱ་རྒྱུ་ཡིན། ང་དང་བློ་མཐུན་ཨུ་ཡོན་ཀྲང་ཞལ་འཛོམས་ཐོག་མར་བྱུང་བ་ནས་བཟུང་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་དང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་དགེ་མཚན་ལྡན་པའི་ཡར་རྒྱས་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་ལ་བློ་མཐུན་ཨུ་ཡོན་ཀྲང་དང་སླར་ཡང་ཞལ་འཛོམས་བྱུང་བའི་ཁར། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྐུལ་མ་བཏང་ནས་ཁྲའོ་ཞན་ཕྱེད་གླིང་ཡུན་རིང་བདེ་འཁོད་དང་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་མ་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
          ཅིན་ཀྲེང་ཨེན་གྱིས་འདི་ལོ་ཟླ་གསུམ་པ་ཤར་ཚུན་ཁྲའོ་ཞན་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་དང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཚང་མར་དོན་སྙིང་ལྡན་པའི་ཡར་རྒྱས་བྱུང་བ་དེ་ནི་ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཁྱེད་དབར་ལོ་རྒྱུས་རང་བཞིན་གྱི་ཞལ་འཛོམས་བྱུང་བའི་དགེ་མཚན་ལྡན་པའི་གྲུབ་འབྲས་ཤིག་རེད། མིག་སྔར་ས་ཁུལ་གྱི་དུས་བབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འགག་རྩའི་དུས་སྐབས་སུ་ང་སླར་ཡང་ཀྲུང་གོར་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཁྱེད་དང་ཞལ་འཛོམས་བྱུང་བ་དང་། ཁྲའོ་ཞན་གྱི་གནས་ཚུལ་གསུངས་པས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲའོ་ཞན་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་གོང་འཕེལ་གཏིང་ཟབ་ཡོང་བར་སྐུལ་འདེད་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་འདི་ལོ་ཟླ་གསུམ་པར་ང་དང་བློ་མཐུན་ཨུ་ཡོན་ཀྲང་པེ་ཅིང་དུ་ལོ་རྒྱུས་རང་བཞིན་གྱི་ཞལ་འཛོམས་ཐེངས་དང་པོ་བྱུང་ནས་དུས་ཡུན་རིང་མོར་སྤེལ་རེས་ཟབ་མོ་བྱས་ཏེ་དུས་རབས་གསར་པར་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཕྱོགས་བཞིའི་ཐད་རྩ་དོན་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་སྟེ། དང་པོ། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་སྲོལ་རྒྱུན་མཛའ་མཐུན་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཞིག་དང་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་མཉམ་ལས་འབྲེལ་བ་གོང་འཕེལ་ཡག་པོ་གཏོང་རྒྱུ་ནི་ཕྱོགས་གཉིས་པོའི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན་ལ་ཡང་དག་པའི་གདམ་ག་འབའ་ཞིག་ཀྱང་ཡིན་པ་དང་། གཉིས་པ། ཀྲུང་གོ་དང་ཁྲའོ་ཞན་གཉིས་པོ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཏུ་གཏོགས་སྟབས་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས་མཐུན་སྒྲིལ་མཉམ་ལས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གསུམ་པ། ཏང་གཉིས་པོའི་མཐོ་རིམ་འགྲོ་འོང་གིས་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བར་སྣེ་ཁྲིད་བྱ་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ལྡན་ཡོད་པས་ཕྱོགས་གཉིས་པོས་རྒྱུན་དུ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་དགོས་པ། བཞི་པ། དམངས་ཁྲོད་ཀྱི་མཛའ་མཐུན་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་བྱ་ཐབས་མང་པོར་བརྟེན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྤེལ་རེས་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་གོང་འཕེལ་ཡོང་བར་དམངས་འདོད་ཀྱི་རྨང་གཞི་བཟང་པོ་ཞིག་འདིང་དགོས་པ་བཅས་རེད། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཐུན་མོང་གི་ངོས་འཛིན་ཁག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་བཞིན་ཡོད། ཟླ་གཅིག་ལྷག་ཙམ་རིང་ང་དང་བློ་མཐུན་ཨུ་ཡོན་ཀྲང་ཞལ་འཛོམས་ཐེངས་གཉིས་བྱུང་ནས་འབྲེལ་ལམ་དམ་ཟབ་རྒྱུན་འཁྱོངས་ཐུབ་ཡོད། ངས་བློ་མཐུན་ཨུ་ཡོན་ཀྲང་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་ལ་མུ་མཐུད་མཛུབ་ཁྲིད་བྱས་ནས་ང་ཚོར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་བ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་ས་ཁུལ་འདི་གའི་ཞི་བདེ་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ད་དུང་ཁྲའོ་ཞན་དུ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་ནས་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོའི་སྤྱི་དམངས་ཤི་རྨས་བྱུང་རྗེས་ཅིན་ཀྲེང་ཨེན་གྱིས་ཚད་མཐོའི་མཐོང་ཆེན་དང་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་ཚོས་བློ་མཐུན་རྣམ་པའི་སྒོ་ནས་ཕན་ཚུན་དབར་ཡིད་ཆེས་དང་བརྩེ་བ་ཟབ་མོ་བཅངས་པ་ནི། ཁྲའོ་ཞན་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་མཐུན་ཟབ་པའི་སྦྲེལ་ཟམ་དང་གཞི་རྩ་བརྟན་པོ་ཞིག་རེད། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་མཉམ་དུ་སྲོལ་རྒྱུན་བཟང་པོ་འདི་མུ་མཐུད་རྒྱུན་འཛིན་བྱས་ནས། གྲུབ་འབྲས་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་མཇལ་འཛོམས་བྱས་ཏེ། ཁྲའོ་ཞན་དང་ཀྲུང་གོའི་དབར་གྱི་འབྲེལ་བར་སྐུལ་མ་གཏོང་རྒྱུའི་ཐད་སྔར་བྱུང་མྱོང་མེད་པའི་གསོན་ཤུགས་རྒྱས་ཡོད། ཟླ་བ་གཅིག་ཙམ་ལས་མ་སོང་བར་སླར་ཡང་མཇལ་འཛོམས་བྱུང་བ་འདིས། ཕན་ཚུན་དབར་གྱི་ཡིད་ཆེས་ཟབ་ཏུ་སོང་ནས་ཁྲའོ་ཞན་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་དུས་རབས་གསར་པའི་བླང་བྱ་དང་འཚམ་རྒྱུར་སྐུལ་མ་ཐེབས་ཏེ་དེ་བས་ཟབ་པའི་ཕྱོགས་ཡོངས་གོང་འཕེལ་ཡོང་བའི་ཡིད་ཆེས་ཡོད་ཅེས་གསུངས།
         ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས་ངས་བློ་མཐུན་ཨུ་ཡོན་ཀྲང་དང་ཐོག་མར་མཇལ་འཛོམས་བྱེད་སྐབས་དེའི་ཐད་དགོངས་འཆར་བརྗེ་རེས་ཟབ་མོ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཉེ་བའི་རིང་། བློ་མཐུན་ཨུ་ཡོན་ཀྲང་གིས་ཕྱེད་གླིང་གླེང་མོལ་བྱས་ནས་ཞི་ལྷོད་དུ་གཏོང་བའི་ཐད་སྐུལ་མ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་གནང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ཕྱེད་གླིང་གྲོས་མོལ་བྱས་ནས་ཞི་ལྷོད་དུ་འགྲོ་བའི་འཕེལ་ཕྱོགས་མུ་མཐུད་སྲ་བརྟན་དུ་ཕྱིན་པ་དེས་ཆབ་སྲིད་ཀྱི་ལམ་ནས་དཀའ་རྙོག་སེལ་བའི་ཕྱོགས་སུ་གོང་འཕེལ་འགྲོ་བར་སྐུལ་མ་གཏོང་རྒྱུར་ཕན་པ་ཡོད། ཀྲུང་གོ་ཕྱོགས་ནས་ཁྲའོ་ཞན་ཕྱོགས་ཀྱིས་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་རྒྱུ་མཐའ་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཁྲའོ་ཞན་དང་ཨ་རི་གྲོས་མོལ་བྱས་ནས་ཕྱེད་གླིང་གི་དཀའ་རྙོག་གྲོས་མོལ་ཐག་གཅོད་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཕྱེད་གླིང་གི་དཀའ་རྙོག་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཡོང་བའི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་གསུངས།
         ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བའི་དགོངས་པར་གདེང་འཇོག་ཆེན་པོ་གནང་ནས། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་རིང་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཁྲའོ་ཞན་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་རྒྱུ་ནི་ཁྲའོ་ཞན་གྱིས་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་པའི་ལངས་ཕྱོགས་ཁ་གསལ་ཞིག་ཡིན། འབྲེལ་ཡོད་ཕྱོགས་ཀྱིས་ཁྲའོ་ཞན་ལ་དགྲར་འཛིན་པའི་སྲིད་ཇུས་དང་བདེ་འཇགས་འཇིགས་སྣང་མེད་པར་བཟོས་ཚེ། ཁྲའོ་ཞན་ཕྱོགས་ལ་ཉིང་རྡུལ་མཚོན་ཆ་དགོས་དོན་མེད་པས། ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བ་ནི་མངོན་འགྱུར་འབྱུང་སྲིད། ཁྲའོ་ཞན་དང་ཨ་རིའི་དབར་གྲོས་མོལ་གྱི་ལམ་ནས་ཕན་ཚུན་ཡིད་ཆེས་དང་འབྲེལ་ཡོད་ཕྱོགས་ཁག་གིས་འགན་འཁུར་བའི་ངང་དུས་མཚམས་འབྱེད་པ་དང་དུས་མཉམ་དུ་བྱ་སྤྱོད་སྤེལ་ནས་ཕྱེད་གླིང་གི་དཀའ་རྙོག་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་ཡོང་བའི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་སྐུལ་མ་བཏང་ཚེ། མཐའ་མཇུག་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པ་དང་རྒྱུན་རིང་གི་ཞི་བདེ་ཞིག་ཡོང་ཐུབ་ཅེས་གསུངས།
         ཅིན་ཀྲེང་ཨེན་གྱིས་ཞི་ཅིན་ཕིང་ལ་ཉེ་དུས་ཁྲའོ་ཞན་རྒྱལ་ནང་གི་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་སྐོར་གྱི་གནས་ཚུལ་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྟོབས་ཤུགས་མཐའ་དག་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་ལམ་ཕྱོགས་བཏོན་ཏེ། ཉིང་རྡུལ་མཚོན་ཆ་ཚོད་ལྟ་དང་གླིང་སྒྲོལ་གྱི་མདེལ་ལམ་འཕུར་མདའ་འཕེན་པའི་ཚོད་ལྟ་མཚམས་འཇོག་དང་བྱང་རྒྱུད་ཀྱི་ཉིང་རྡུལ་མཚོན་ཆའི་ཚོད་ལྟའི་ར་བ་བསྐྱུར་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས། བློ་མཐུན་ཨུ་ཡོན་ཀྲང་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བར་མཐོང་ཆེན་པོ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་གནང་རྒྱུའི་ཐུགས་དགོངས་བརྟན་པོ་ཞིག་མཚོན་ཡོད་པས། ང་ཚོས་དོན་དེར་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ཁྲའོ་ཞན་ཕྱོགས་ཀྱི་འཐབ་ཇུས་ཀྱི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ལ་བསྒྱུར་རྒྱུར་རྒྱབ་སྐྱོར་དང་ཁྲའོ་ཞན་གྱི་བློ་མཐུན་རྣམས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན་ཞེས་གསུངས།

༄༅།།ཞི་ཅིན་ཕིང་གིས་ཏ་ལེན་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་
འཛོམས་གནང་བ།