མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཕུའུ་དང་གྲོས་མོལ་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཕུའུ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་བཏང་ནས་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་རྒྱུར་གཅིག་མཐུན་གཏན་འཁེལ་གནང་བ་རེད།
         ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་ས་ཁུལ་གྱི་རྒྱལ་ཁབ་ཅིག་ཀྱང་རེད། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལམ་བུའི་ཐོག་སྔོན་ལ་སྐྱོད་ཐུབ་པ་བྱས་ནས་མིའི་རིགས་ལ་འོད་སྟོང་དེ་བས་འཕྲོ་བའི་འབྱུང་འགྱུར་གཏོད་པ་དང་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་བྱེད་འདོད་ཡོད། ངས་ཁྱེད་དང་ལྷན་དུ་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་གི་གྲུ་གཟིངས་ཆེན་པོའི་དེད་དཔོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོའི་ཕུགས་འདུན་དང་ཧ་སག་སི་ཐན་གྱི་ཕུགས་འདུན་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་དེ་བཞིན་ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་ལུགས་མཚོན་ཡོད། ཀྲུང་ཧ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། ཕན་ཚུན་རོགས་རམ། ཕན་ཚུན་རམ་འདེགས་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཧ་སག་སི་ཐན་ཕྱོགས་ཀྱི་ཕྱི་ནང་སྲིད་ཇུས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ནས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ“ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་བའི་ཐད་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ལོ་5ཡི་གོང་། ངས་ཧ་སག་སི་ཐན་ལ་འཚམས་འདྲི་ཐེངས་དང་པོ་བྱེད་སྐབས་སྐུ་ཞབས་ཙུང་ཐུང་གི་ཕེབས་རོགས་འོག་ན་ཀྲར་པ་ཡེ་ཕུའུ་སློབ་ཆེན་དུ་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་གྲོས་འགོ་ཐེངས་དང་པོ་བཏོན་པ་ཡིན། ལོ་5ཡི་རིང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དང་ལེན་ཧུར་ཐག་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པའི་འགག་རྩ་ནི་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་ལམ་རྒྱུད་རྒྱལ་ཁབ་ཀྱི་འཕེལ་རྒྱས་མཉམ་ལས་ཀྱི་དོན་དངོས་དགོས་མཁོ་དང་མཐུན་པ་བྱས་པ་དེ་ཡིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་ལྔའི་རིང་། ཀྲུང་ཧ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གཞིགས་པའི་མཉམ་ལས་དེ་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད། ཕྱོགས་གཉིས་པོས་སྲིད་ཇུས་མཐུན་སྦྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་བསྐྲུན་རྒྱུ་དང“འོད་ཟེར་ལམ་བུའི”དཔལ་འབྱོར་གྱི་སྲིད་ཇུས་གསར་པ་སྦྲེལ་མཐུད་ཀྱི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་ཡོང་བར་བྱས་ནས་ཐོན་ནུས་དང་། མ་འཇོག དཔལ་འབྱོར་ཉོ་ཚོང་། ནུས་རྒྱུ། དངུལ་རྩ། ཕན་ཚུན་འབྲེལ་མཐུད་འཛུགས་སྐྲུན། ཞིང་ལས། གསར་གཏོད་མཉམ་ལས་བཅས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡའི་དབར་ཕན་ཚུན་མཐུན་སྦྱོར་དང་ཡིད་ཆེས་ཀྱི་བྱ་ཐབས་ཚོགས་འདུའི་སྤྱི་ཡོངས་ཀྱི་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དེས་ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པ་བཅས་བྱེད་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ན་ཀྲར་པ་ཡེ་ཕུའུ་ཡིས་ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་གཅེས་འཛིན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེས་ཧ་སག་སི་ཐན་ལ་གོ་སྐབས་ཐོབ་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པས་བྱ་གཞག་དེར་གྲུབ་འབྲས་ཐོབ་པ་དེ་ཡང་ཧ་སག་སི་ཐན་གྱི་རང་ངོས་ཁེ་ཕན་དང་མཐུན་ངེས་ཡིན་པའི་ཡིད་ཆེས་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་དང་། “ངན་ཤུགས་གསུམ”ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་བྱ་བའི་ནང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་ཚོགས་འདུའི་སྒྲོམ་གཞིའི་ནང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ལྔའི་གོང་ཧ་སག་སི་ཐན་དུ་ཐེངས་དང་པོ་བཏོན་གནང་བའི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་གྲོས་འགོ་དེས་ས་ཁུལ་འདི་གའི་རྒྱལ་ཁབ་ལ་བདེ་སྐྱིད་བསྐྲུན་ངེས་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས“འོད་ཟེར་ལམ་བུའི”དཔལ་འབྱོར་སྲིད་ཇུས་གསར་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》ལ་ལྷན་དུ་མཚན་རྟགས་བཀོད་གནང་བ་དང་ཆབས་ཅིག་འབྲེལ་ཡོད་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མཚན་རྟགས་ཀྱང་བཀོད་གནང་བ་རེད།
         མཚན་རྟགས་འགོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། ད་དུང་རྒྱབ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་ཀྲུང་ཧ་ཕྱོགས་གཉིས་པོས་མཉམ་དུ་པར་ཐེངས་དང་པོ་བླངས་པའི་གློག་བརྙན་《རོལ་དབྱངས་མཁས་ཅན་》གྱི་འཁྲབ་སྟོན་པ་དང་ལས་མི་གཙོ་བོར་མཇལ་འཕྲད་གནང་བ་དང་འབྲེལ་གློག་བརྙན་བརྙན་དུམ་གཟིགས་པ་རེད། 2013ལོར་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་དུ་འཚམས་འདྲི་གནང་རིང་ན་ཀྲར་པ་ཡེ་ཕུའུ་སློབ་ཆེན་དུ་གཏམ་བཤད་སྤེལ་སྐབས་འཛམ་གླིང་དམག་ཆེན་གཉིས་པའི་རིང་ཀྲུང་གོའི་རོལ་དབྱངས་མཁས་ཅན་ཤན་ཤིན་ཧའེ་ཡིས་ཧ་སག་སི་ཐན་གྱི་རོལ་དབྱངས་མཁས་ཅན་པའེ་ཁ་ཏ་མུའུ་དབར་མཛའ་གྲོགས་འབྲེལ་བ་ཟབ་མོ་ཆགས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་སྐོར་གསུངས་ཡོད། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་གློག་བརྙན་ལས་སྒྲུབ་མི་སྣར་དེའི་ཁྲོད་ནས་བློ་སྒོ་ཕྱེ་སྟེ་གློག་བརྙན་《རོལ་དབྱངས་མཁས་ཅན་》མཉམ་དུ་པར་བླངས་ཡོད་པ་རེད།
          གྲོས་མོལ་མཇུག་མ་འགྲིལ་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ན་ཀྲར་པ་ཡེ་ཕུའུ་ལ་ཕེབས་བསུའི་མཛད་སྒོ་གཉེར་གནང་བ་རེད། ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲེ། ཨེ་ལི་ཀེང་·དབྱི་མིང་པ་ཧའེ། ཝང་དབྱི། ཤ་པའོ་ལུང་། ཧོ་ལི་ཧྥུང་སོགས་ཕེབས་བསུའི་མཛད་སྒོར་ཞུགས་ཡོད་པ་རེད།