མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པི་ཅེའི་ཚོད་ལྟ་ཁུལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པི་ཅེའི་ཚོད་ལྟ་ཁུལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ལོ་30ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྤྱི་ཚོགས་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད་པི་ཅེའི་ཚོད་ལྟ་ཁུལ་ལ་སྐུལ་འདེད་གཏོང་རྒྱུར་འགྱུར་ལྡོག་ཆེན་པོ་བྱུང་ནས་ས་ཁུལ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྐྱེ་སྟོབས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། བརྒྱུད་རིམ་འདིའི་ནང་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་རྒྱ་ཁྱབ་ངང་ཞུགས་པ་དང་གཞོགས་འདེགས་ནུས་ལྡན་བྱས་ཏེ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་ད་ལྟ་ནས་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བར་ལོ་གསུམ་གྱི་དུས་ཚོད་ལས་མེད། དེར་བརྟེན་དམག་ཧྲག་བཏང་ནས་འགག་སྒྲོལ་དམག་འཐབ་རྒྱག་པ་དང་གནད་སྨིན་གང་ལེགས་ཡོང་བར་བྱས་ནས་པི་ཅེའི་ཚོད་ལྟ་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་ཐོག་ཏུ་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་ཕུགས་ལ་དམིགས་པ་དང་སྔོན་ཚུད་ནས་ཇུས་འགོད་བྱས་ནས་2020ལོའི་རྗེས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སྦྲེལ་མཐུད་ཀྱི་ལས་དོན་ལེགས་པར་སྒྲུབ་པ་དང་། ལྗང་མདོག་འཕེལ་རྒྱས་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ། སྒྲིག་གཞི་ལམ་སྲོལ་གསར་གཏོད་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་པི་ཅེའི་ཚོད་ལྟ་ཁུལ་འདི་ཉིད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་དཔེ་སྟོན་ཁུལ་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ཏང་གི་འགོ་ཁྲིད་འོག་འཐབ་ཕྱོགས་གཅིག་གྱུར་གྱིས་པི་ཅེའི་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལག་ལེན་ནང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་རྒྱུན་ཆད་མེད་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཟླ་7ཚེས་19ཉིན། འཐབ་ཕྱོགས་གཅིག་གྱུར་པི་ཅེའི་ཚོད་ལྟ་ཁུལ་འཛུགས་སྐྲུན་ནང་ཞུགས་པའི་བཞུགས་མོལ་ཚོགས་འདུ་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ལོ་30ཡི་རིང་། འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་པི་ཅེའི་ཚོད་ལྟ་ཁུལ་ལ་བརྩེ་སེམས་ཟབ་མོ་བཅངས་ནས་ཕན་འབྲས་མངོན་གསལ་དོད་པའི་རོགས་སྐྱོར་ལས་དོན་བསྒྲུབས་ཏེ་ཚོད་ལྟ་ཁུལ་འཛུགས་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་བས་ཏང་མང་མཉམ་ལས་ཀྱི་ལག་ལེན་རྣམ་པ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ་ཀྲུང་གོའི་ཏང་སྲིད་ལམ་ལུགས་གསར་པའི་ཁྱད་འཕགས་རང་བཞིན་ཡང་མངོན་ཡོད་ཅེས་ནན་བཤད་གནང་བ་རེད།
           དབང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཡོད་ལ་པི་ཅེའི་ཚོད་ལྟ་ཁུལ་འཛུགས་སྐྲུན་ཡང་དུས་མཚམས་གསར་པར་སླེབས་ཡོད། དེས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་ཏན་བསྟར་ནས་དུས་བབ་གསར་པ་དང་འཚམ་པ་དང་། དམིགས་ཚད་གསར་པར་གཞིགས་པ། མཆོང་སྐྱོད་གསར་པ་ཡོང་བ་བཅས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱིས་ཤེས་ལྡན་པ་མང་བ་དང་། བློ་གྲོས་གཅིག་སྡུད། འབྲེལ་གཏུག་རྒྱ་ཁྱབ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁྱད་ལྡན་དབུལ་སྒྲོལ་ཐོན་ལས་སྐྱེད་སྲིང་བྱེད་རོགས་བྱེད་པ་དང་། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལ་དམངས་གཙོའི་ལྟ་སྐུལ་ཡག་པོ་བྱེད་པ་བཅས་བྱས་ནས་ཚོད་ལྟའི་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་ཐོག་ཏུ་རྒྱལ་ཁ་ལེན་རྒྱུར་སྐུལ་འདེད་གཏོང་དགོས། ཚོད་ལྟའི་ཁུལ་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་རྒྱང་ལྟའི་རང་བཞིན་གྱི་ཞིབ་འཇུག་བྱ་རྒྱུར་དམིགས་ནས་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་སྲུང་སྐྱོང་གི་ལས་གྲྭ་གལ་ཆེན་དང་སྣོད་བཅུད་འཛུགས་སྐྱོང་གི་ལས་གྲྭ་གལ་ཆེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་ཚོད་ལྟའི་ཁུལ་འདི་ཉིད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་དཔེ་སྟོན་ཁུལ་ཞིག་ཏུ་བསྐྲུན་རྒྱུར་རོགས་སྐྱོར་བྱེད་དགོས། པི་ཅེའི་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལ་ཞུགས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བའི་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། སྲིད་ཞུགས་ཏང་རང་ངོས་འཛུགས་སྐྱོང་གི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ། ཏང་མང་མཉམ་ལས་ཀྱི་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་མང་མཉམ་ལས་ལ་འགོ་ཁྲིད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཉམས་མྱོང་གསར་པ་གསོག་དགོས་ཞེས་གསུངས་པ་རེད།