མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལི་ཐུ་ཝན་གྱི་ཙུང་ཐུང་ཀེ་ལི་པའོ་སི་ཁའེ་ཐེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ལི་ཐུ་ཝན་གྱི་ཙུང་ཐུང་ཀེ་ལི་པའོ་སི་ཁའེ་ཐེ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ལི་ཐུ་ཝན་ནི་པའོ་ལུའོ་ཏི་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་མ་ཟད། ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་མཉམ་ལས་ཀྱི་རོཌ་ཟླ་ཞིག་ཀྱང་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལི་ཐུ་ཝན་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་གནས་ཡུལ་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་བཀུར་དང་ལྟ་རྟོག་ཏན་ཏིག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རྒྱང་རིང་བའི་ལྟ་ཕྱོགས་ལས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་ཡག་པོ་ཡོང་བ་བྱེད་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས་ལི་ཐུ་ཝན་གནས་ཡུལ་གྱི་ལེགས་ཆ་མངོན་གསལ་དོད་པས་ཨེ་ཤེ་ཡ་དང་ཡོ་རོབ་དབར་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ལི་ཐུ་ཝན་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་ཡང་སྒོས་སུ་ཀྲུང་གོ་དང་ཡོ་རོབ་དབར་དུས་གཏན་མེ་འཁོར་གཏོང་བ་དང་། “མཚོ་གསུམ་གྲུ་ཁའི་ཁུལ”བསྐྲུན་རྒྱུར་སྐུལ་འདེད་དང་གཉིས་མོས་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་ཐོག་ཚོང་དོན་དང་། དངུལ་རྩའི་ལག་རྩལ། ནུས་རྒྱུ་གསར་པ། སྐུལ་འོད་དང་ཞིང་ལས་སོགས་ཁྱབ་ཁོངས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་ཐུ་ཝན་ཕྱོགས་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་བེད་ཡག་པོ་སྤྱད་ནས་རང་རྒྱལ་ཁབ་ཀྱི་ཐོན་ཟོག་དྲིལ་བསྒྲགས་ངོ་སྤྲོད་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་སྤེལ་རེས་རྒྱ་ཆེར་གཏོང་བ་དང་། དམངས་ཁྲོད་ཀྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོང་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ལི་ཐུ་ཝན་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཀེ་ལི་པའོ་སི་ཁའེ་ཐེས་ལི་ཐུ་ཝན་གྱིས་ཀྲུང་གོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་ཡིད་སྨོན་ཞུ་བ་མ་ཟད། ཀྲུང་གོས་གཉེར་བའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ད་ཆའི་དུས་བབ་འོག དེ་ནི་དུས་ལ་ཧ་ཅང་བབས་པའི་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གཏམ་བཤད་གལ་ཆེན་ལས་ཀྲུང་གོས་མུ་མཐུད་སྒོ་མོ་རྒྱ་ཆེར་འབྱེད་པ་དང་། རང་མོས་ཉོ་ཚོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་བརྡ་རྟགས་གསལ་པོ་ཞིག་སྟོན་གནང་བས། ལི་ཐུ་ཝན་གྱིས་ཀྲུང་གོས་སྒོ་དབྱེའི་སྒོ་མོ་ནམ་ཡང་རྒྱག་མི་སྲིད་པའི་ཡིད་ཆེས་བརྟན་པོ་ཡོད་ལ། དེ་ཡང་འཛམ་གླིང་རྒྱལ་ཁབ་ཁག་གི་ངོས་ནས་བརྗོད་ན་གོ་སྐབས་ཆེན་པོ་ཞིག་རེད། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་སྔར་བས་གལ་འགངས་ཆེ་བའི་ནུས་པ་འདོན་རྒྱུ་ཡིན་པར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ལི་ཐུ་ཝན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་མ་འཇོག་གྲོས་མཐུན་གྱི་གྲོས་མོལ་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་དབར་གྱི་དངོས་སྒྲུབ་མཉམ་ལས་མགྱོགས་སུ་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ནས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"