མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཁྲིམས་
འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་<<བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་>>(གཤམ་དུ་བསྡུས་མིང་ལ<<བརྡ་ཐོ་>>ཞེས་བརྗོད་རྒྱུ)པར་འགྲེམས་བྱས་ནས་ཕྱོགས་ལྔའི་ཐད་ཀྱི་ཁྱོན་བྱེད་ཐབས་དང་བླང་བྱ་ཉི་ཤུ་བཏོན་པ་རེད།
         གཅིག་ནི་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་སོགས་ལེ་ལག་ཚང་བའི་ཁྲིམས་སྲོལ་བཟོ་རྒྱུར་དམ་འཛིན་བྱས་ཏེ་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་བཟོ་བཅོས་རྒྱག་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བཙན་ཐབས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་བཟོ་བ་དང་བཟོ་བཅོས་མགྱོགས་མྱུར་རྒྱག་པ་དང་། འོས་སྦྱོར་རང་བཞིན་གྱི་ཚད་གཞི་རིམ་བཞིན་ཉུང་དུ་གཏོང་བ། འབྲེལ་ཡོད་ཚད་གཞི་བཟོ་བའི་དུས་ཚོད་ཐུང་དུ་གཏོང་བ་བཅས་བྱེད་པ་དང་འབྲེལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་དང་།
         གཉིས་ནི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཁྲིམས་ལྟར་དོན་འཁྱོལ་བྱེད་དགོས། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ”བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི“སྤ་སེ་གཅིག་གིས་ཁྲ་སློག་པའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་དང་། གཏོང་ཆ་དོན་འཁྱོལ། གསོ་སྦྱོང་དོན་འཁྱོལ། རྨང་གཞིའི་དོ་དམ་དོན་འཁྱོལ། འཕྲལ་སྡོམ་རོགས་སྐྱོར་དོན་འཁྱོལ་བཅས་ཏན་ཏིག་སྒྲུབ་ཐུབ་པ་བྱ་དགོས། ལས་འཛོལ་བརྟག་དཔྱད་ཐག་གཅོད་སྔར་བས་ནན་དུ་གཏོང་བ་དང་ལས་འཛོལ་བརྟག་དཔྱད་ཐག་གཅོད་ཀྱི་ཆ་འཕྲིན་བརྡ་ཁྱབ་དང་དག་ཐེར་བྱེད་ཐབས་དོན་འཁྱོལ་གནས་ཚུལ་ཚོད་སྐོར་སོགས་ཀྱི་ལམ་ལུགས་བཙུགས་ཏེ་ལས་འཛོལ་ཚང་མ་གཏན་འཁེལ་དུས་ཚོད་ནང་གྱོད་ཐག་བཅད་ཚར་བ་བྱེད་པ་དང་འབྲེལ་ཁྲིམས་ལྟར་དུས་ཐོག་ཏུ་སྤྱི་ཚོགས་ལ་ཆ་ཚང་བའི་བརྟག་དཔྱད་སྙན་ཞུ་ཡོངས་བསྒྲགས་བྱེད་དགོས་པ།
         གསུམ་ནི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལམ་སྲོལ་གསར་གཏོད་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གཙོ་གནད་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ལྟ་སྐུལ་དོ་དམ་དང་། ཐད་ཀའི་མཛུབ་ཁྲིད། འགུལ་རྣམ་དོ་དམ་བཅས་ལག་བསྟར་བྱེད་དགོས། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་དང་ལས་རིགས་ཀྱི་ནད་གཞི་འགོག་བཅོས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ནང་འཇུག་དགོས། འཛུགས་སྐྲུན་རྣམ་གྲངས་འཆར་འགོད་དང་ཇུས་འགོད་ལྷུ་ཚིགས་ཀྱི་བདེ་འཇགས་འགག་སྒོར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་འཆར་འགོད་དང་མི་མཐུན་པའི་ཁེ་ལས་སྒོ་བརྒྱབ་ནས་ཕྱིར་འཐེན་མ་བྱས་བར་ཐོན་སྐྱེད་བྱེད་མཚམས་བཞག་སྟེ་དག་ཐེར་བྱ་རྒྱུ་ཁྲིམས་ལྟར་བདའ་འདེད་གཏོང་དགོས། རིམ་ཁག་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁེ་ལས་དང་དྲ་བ་སྦྲེལ་བའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆ་འཕྲིན་མ་ལག་འཛུགས་པ་དང་། བརྡ་ཐོ་མི་གཏོང་བ་དང་། ལན་མི་སྤྲོད་པ། སྙན་སེང་མི་ཉན་པ། ཕེབས་རོགས་དང་སྣེ་ལེན་ཞུ་མི་དགོས་པ་བཅས་དང་། གཞི་རིམ་དུ་ཐད་སྐྱོད་དང་ས་ཆ་དེ་རང་དུ་ཐད་སྐྱོད་ཀྱི་བདེ་འཇགས་ཞིབ་བཤེར་ལ་ལྐོག་བཤེར་བརྟག་དཔྱད་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དྲ་མིག་ཅན་གྱི་ལྟ་སྐུལ་ཁྱབ་གདལ་གཏོང་བ། ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ཐོན་སྐྱེད་གཉེར་སྐྱོང་ཚན་པ་དང་ཤང་དང་གྲོང་ཚོ་དང་སྡེ་ཁུལ་ཚང་མར་ཁྱབ་པའི་བརྩོན་ལེན་བཅས་བྱེད་དགོས། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི“ཐོ་གཞུང་ནག་པོའི”ལམ་ལུགས་འཛུགས་དགོས། ཁྲོམ་རའི་ལམ་སྲོལ་སྤྱད་དེ་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་ཚོང་ལས་འགན་བཅོལ་སྒྲིག་གཞི་བདེ་འཇགས་ལྟ་སྐུལ་དོ་དམ་ནང་ཞུགས་པའི་ལམ་སྲོལ་ཁྱབ་གདལ་གཏོང་དགོས། ཁྲིམས་འཛིན་ལས་ཁུངས་དང་ལས་ཀའི་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ།
        བཞི་ནི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཁྲིམས་སྲོལ་གྱི་བྱ་སྤྱོད་ཚད་ལྡན་དང་ནན་པོ་བཟོ་དགོས། དབང་ཆ་དང་འགན་འཁྲིའི་རྩིས་ཁྲ་བཟོས་ཏེ་རྩིས་ཁྲའི་རྣམ་པའི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ལྟ་ཞིབ་ཀྱི་འགན་དབང་དང་འགན་འཁྲི་གསལ་པོ་བཟོ་དགོས། རིམ་ཁག་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལོ་འཁོར་གྱི་ཁྲིམས་འཛིན་འཆར་གཞི་བཟོ་བ་དང་བདེ་འཇགས་ཐོན་སྐྱེད་དང་ལས་རིགས་འཕྲོད་བསྟེན་གཞི་གཅིག་ཅན་གྱི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལམ་ལུགས་བཙུགས་ཏེ་ལྟ་སྐུལ་དོ་དམ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། ཁྲིམས་འཛིན་གྱི་ཚད་གཞི་ནན་པོ་བཟོ་རྒྱུར་ཤུགས་རྒྱག་པ་དང་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་འགན་དབང་གང་བྱུང་དུ་སྤྱོད་རྒྱུ་བཀག་འགོག་བྱེད་དགོས་པ།
        ལྔ་ནི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། 2016ལོའི་ལོ་མཇུག་གོང་གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་སྒྲིག་གཞི་བཙུགས་ནས་ལོ་གསུམ་ནང་ཆེད་ལས་ལྟ་སྐུལ་དོ་དམ་མི་སྣ་བཀོད་སྒྲིག་བྱེད་པའི་བསྡུར་ཚད་དེ་ལས་ཐོག་མི་སྣའི་75%ལས་མི་ཉུང་བ་བྱེད་དགོས། ཤང་གྲོང་(ཁྲོམ་གཞུང)དང་རིགས་ཁག་གི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་དང་འཕེལ་རྒྱས་སྒྱུར་བཅོས་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་ནུས་པ་འཛུགས་སྐྱོང་གི་འཕེལ་རྒྱས་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ལས་རྨས་སྔོན་འགོག་འགྲོ་སོང་ལེན་པའི་བསྡུར་ཚད་དང་། བེད་སྤྱོད། དོ་དམ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་བཟོ་རྒྱུ་དམ་འཛིན་བྱས་ཏེ་ལས་རྨས་སྔོན་འགོག་གི་གཏོང་ཆ་མང་དུ་གཏོང་དགོས། ལྟ་སྐུལ་དོ་དམ་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རུལ་སུངས་ཀྱི་གནད་དོན་དང་འགན་ཤོར་འགན་འཛོལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་གཙང་ཁྲིམས་འཛིན་གྱི་སྤྱི་ཚོགས་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས་པ་བཅས་རེད།
         <<བརྡ་ཐོའི་>>ནང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁྲིམས་བཀུར་ཁྲིམས་སྦྱོང་དང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་བྱས་ནས་ཁྲིམས་སྐྱོང་ནན་པོ་དང་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུར་སྣེ་ཁྲིད་བྱེད་པ་དང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།