མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་<<ཝན་ལུང་སྙིང་སྟོབས་དར་སྤེལ་བཏང་ནས་མཉམ་ལས་གཉིས་ཕན་
ལ་སྐུལ་འདེད་གཏོང་དགོས་>>ཞེས་པའི་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་24ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་<<ཝན་ལུང་སྙིང་སྟོབས་དར་སྤེལ་བཏང་ནས་མཉམ་ལས་གཉིས་ཕན་
ལ་སྐུལ་འདེད་གཏོང་དགོས་>>ཞེས་པའི་གསུང་བཤད་གལ་ཆེན་གནང་བ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་22ཉིན་གྱི་སྔ་དྲོར་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཚོགས་འདུ་དེ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐར་འཚོགས་པ་རེད།
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་འགོ་བརྗོད་དུ་<<ཝན་ལུང་སྙིང་སྟོབས་དར་སྤེལ་བཏང་ནས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས་>>ཞེས་པའི་གསུང་བཤད་གལ་ཆེན་གནང་ཞིང་། རྒྱལ་ཁབ་ཁག་གིས་ཝན་ལུང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དེར་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་པ། མཉམ་ལས་གཉིས་ཕན་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་དང་དེ་བཞིན་ས་ཁུལ་གཞན་དག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས་པ་རེད།
          སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་ཞིས་ཅིན་ཕིང་ཅ་ཁར་ཐའི་གྲོས་ཚོགས་ལྟེ་གནས་སུ་ཕེབས་ནས་དེ་གར་ཕེབས་སྒུག་ཞུ་བཞིན་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཕན་ཚུན་འཚམས་འདྲི་ཡང་ཞུས་པ་རེད། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་90ལྷག་ཙམ་གྱི་འགོ་ཁྲིད་པ་དང་འཐུས་མི་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད། འགོ་ཚུགས་མཛད་སྒོ་མ་འཚོག་གོང་ཞིས་ཅིན་ཕིང་གིས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་སྦྲགས་ཧིན་རྡུ་ཉི་ཞི་ཡའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་རྩལ་འཁྲབ་སྟོན་ཡང་གཟིགས་པ་རེད། ད་ཐེངས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ལྷོ་ལྷོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པ་དེ་ཡིན། ཚོགས་འདུ་གཙོ་གཉེར་རྒྱལ་ཁབ་ཡིན་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་ཡིས་འགོ་ཚུགས་མཛད་སྒོའི་ཤིག་ཚིག་གསུངས་པ་རེད།
         འགོ་ཚུགས་མཛད་སྒོ་འཚོགས་རྗེས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་དང་། ཙོ་ཁོ་དང་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅ་པེ་རྣམ་གཉིས་ཀྱིས་གྲོས་ཚོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་ངོས་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         དེ་རྗེས་ཙོ་ཁོ་ཡིས་ཞིས་ཅིན་ཕིང་གདན་ཞུ་བྱས་ནས་དང་ཐོག་གསུང་བཤད་གནང་ཞིང་། ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ལོ་60ཡི་གོང་ཝན་ལུང་ཚོགས་འདུས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ཁག་བཅུ་བཏོན་ནས་རྒྱལ་སྤྱིའི་འབྲེལ་བ་དེ་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལོ་རྒྱུས་རང་བཞིན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དུས་བབ་གསར་པའི་འོག་མཐུན་སྒྲིལ་དང་། མཛའ་མཐུན། མཉམ་ལས་བཅས་ཀྱི་ཝན་ལུང་སྙིང་སྟོབས་ལ་སྔར་བཞིན་སྐྱེ་སྟོབས་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཝན་ལུང་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་ཐད་གྲོས་འགོ་ཁག་3བཏོན་གནང་བ་སྟེ།
         དང་པོ། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཟབ་སྤེལ་བྱེད་དགོས། གོ་སྐབས་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་བདེ་སྡུག་མཉམ་མྱོང་དང་སྲུང་གཅེས་རོགས་རེས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གོ་སྐབས་ཁོང་དུ་ཆུད་པ་དང་ཐུན་མོང་ཐོག་འགྲན་སློང་བསུ་བ། མུ་མཐུད་བདེ་སྡུག་མཉམ་མྱོང་དང་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་བྱེད་དགོས། གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་འགྲོ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཡོང་བ་བྱས་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཐད་ཀྱི་ཕན་གསབ་རང་བཞིན་དེ་འཕེལ་རྒྱས་ཀྱི་རོགས་རེས་ཀྱི་སྟོབས་ཤུགས་སུ་འགྱུར་པ་བྱས་ཏེ། ས་ཁོངས་དང་ས་ཁོངས་ལས་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཁྱབ་ཁོངས་རྒྱ་ཆེ་བ་དང་། རིམ་པ་མང་བ། ཕྱོགས་མང་བ་བཅས་ཀྱི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་གཏོད་དགོས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་སྒོ་དབྱེ་ཁོག་ཡངས་རྒྱུན་འཁྱོངས་བྱས་ཏེ་སྤེལ་རེས་དང་མིག་བལྟོས་བྱེད་རིང་སྐྱོན་སྤང་དགེ་སྒྲུབ་དང་མི་མཐུན་པ་སོར་འཇོག་བྱེད་པའི་ཁྲོད་མཉམ་དུ་མདུན་སྐྱོད་བྱེད་དགོས་པ་དང་།
          གཉིས་པ། ལྷོ་རྒྱུད་རྒྱལ་ཁབ་དབར་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ཆེའི་རྒྱལ་ཁབ་ཚང་མར་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་དམངས་འཚོ་ལེགས་གཏོང་གི་ཐུན་མོང་གི་ལས་འགན་འཕྲད་ཡོད་པས་ཕན་ཚུན་རོགས་རེས་མཐུན་སྒྲིལ་གྱིས་མདུན་དུ་སྐྱོད་དགོས། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ལ་ཏིང་མེ་གླིང་དང་ཞི་བདེ་རྒྱ་མཚོ་ལྷོ་མ་དང་དེ་བཞིན་ས་ཁུལ་གཞན་དག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྐྱོང་སྲིད་གཉེར་ཐད་ཀྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་ཤུགས་ཆེན་བྱེད་དགོས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་དགོས་པ། ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ལྟེ་གནས་འཛུགས་རྒྱུའི་གྲོས་འགོ་བཏོན་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།
          གསུམ་པ། ལྷོ་བྱང་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ལྟ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཞུང་ཕྱོགས་འཕེལ་རྒྱས་ཀྱི་རོགས་རེས་ཁས་ལེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མི་བསྣན་པའི་རྨང་གཞིའི་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དེ་བས་འདྲ་མཉམ་དང་དོ་སྙོམས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་གསར་པ་བཙུགས་ཏེ་ལྷོ་བྱང་གི་ཧེ་བག་ཇེ་ཆུང་དུ་གཏོང་དགོས་པ་བཅས་རེད།
          ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་ད་ལོར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་ཁྲལ་གྱི་རྣམ་གྲངས་ཐོན་རྫས་97%ལ་སྒོ་ཁྲལ་མི་ལེན་པའི་ཐོབ་ཐང་སྤྲོད་རྒྱུ་དང་སྦྲགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མི་བསྣན་པའི་རོགས་སྐྱོར་མུ་མཐུད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་ཐུན་མོང་ཐོག་ཡག་པོ་བསྐྲུན་ནས་དར་གོས་ལམ་བུའི་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་འདོད་ཡོད། ཀྲུང་གོས་ལྷོ་རྒྱུད་རྒྱལ་ཁབ་དབར་གྱི་མཉམ་ལས་དང་དེ་བཞིན་ལྷོ་བྱང་དབར་གྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།
          ཞིས་ཅིན་ཕིང་གིས་ཁྱབ་བསྒྲགས་གནང་དོན། འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གསོ་སྦྱོང་གི་མི་གྲངས་ཁྲི་10མཁོ་འདོན་བྱ་རྒྱུ་ཡིན་པ་དང་། ཀྲུང་གོར་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་མཉམ་སྤྲོའི་དུས་ཆེན་བསྟུད་མར་གཉེར་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་2000ཀྲུང་གོར་འཚམས་འདྲིར་ཡོང་རྒྱུའི་གདན་ཞུ་བྱ་རྒྱུ། ཀྲུང་གོ་དང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལྟེ་གནས་བཙུགས་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་བཅའ་ཁྲིམས་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྤེལ་རེས་དང་ཞིབ་འཇུག་རྣམ་གྲངས་གཉེར་རྒྱུ། ད་དུང་ལོ་འདིའི་ནང་ཝན་ལུང་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པའི་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུ་ཡང་འཚོག་རྒྱུ་བཅས་རེད།
            ཙོ་ཁོ་ཡི་འགོ་ཚུགས་གཏམ་བཤད་ནང་ལོ་60ཡི་གོང་གི་ཝན་ལུང་ཚོགས་འདུའི་ཐོག་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དབར་གྱི་མཐུན་སྒྲིལ་མཚོན་པ་བྱས་ཡོད། ད་ཆ་ཝན་ལུང་སྙིང་སྟོབས་ལ་སྔར་བཞིན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གཞུང་དྲང་མེད་པ་དང་འདྲ་མཉམ་མེད་པ་སོགས་ཀྱི་སྣང་ཚུལ་སྔར་བཞིན་མངོན་གསལ་དོད་པོ་ཡོད།
           ཧིན་རྡུ་ཉི་ཞི་ཡས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ཆེའི་རྒྱལ་ཁབ་དང་མཉམ་དུ་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་དར་རྒྱས་དང་བརྟན་ལྷིང་ལ་ཁྱོན་ཡོངས་ནས་གཞོལ་འདོད་ཡོད་ཅེས་གསུངས་པ་རེད། མུའུ་ཅ་པེའི་ཤིས་ཚིག་ནང་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོར་དཀའ་ཚེགས་ཆེ་བའི་འཕེལ་རྒྱས་ཀྱི་ལས་འགན་འཕྲད་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྨང་གཞིའི་སྒྲིག་བཀོད་སོགས་གནད་འགག་ཁྱབ་ཁོངས་ལ་རོགས་སྐྱོར་ཧུར་ཐག་བྱ་རྒྱུ་དགོས་གཏུགས་ཆེ། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཝན་ལུང་ཚོགས་འདུའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་གཞུང་དྲང་འདྲ་མཉམ་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
           ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
          ད་ཐེངས་ཀྱི་ཚོགས་འདུ་དུས་ཡུན་ཉིན་གཉིས་ཡིན་པ་དང་དེའི་རིང་<<2015ལོའི་ཝན་ལུང་སྤྱི་བསྒྲགས་>>དང་། <<ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་བསྐྱར་གསོའི་བསྒྲགས་གཏམ>> <<ཕ་ཁི་སི་ཐན་གྱི་གནད་དོན་བསྒྲགས་གཏམ་>>བཅས་གྲུབ་འབྲས་ཡིག་ཆ་3ལ་གྲོས་འཆམ་བྱ་རྒྱུ་ཡིན་པ་རེད།