མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་གྲོས་ཚོགས་སུ་གཏམ་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་23ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་གྲོས་ཚོགས་སུ་གཏམ་བཤད་གལ་ཆེན་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་གྲོས་ཚོགས་སུ་འགོ་བརྗོད་དུ་<<ཀྲུང་ཕ་ལས་དབང་གཅིག་མཐུན་འདུས་གྲུབ་དང་མཉམ་ལས་གཉིས་ཕན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས་>>ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གལ་ཆེན་གནང་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་གནས་ཚུལ་གང་ལའང་མི་བལྟོས་པའི་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཚད་མཐོའི་གདེང་འཇོག་གནང་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་དཔེ་སྟོན་ནུས་པ་འདོན་དགོས་པའི་ནན་བཤད་གནང་ཞིང་། ཞིས་ཅིན་ཕིང་གིས་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་འདུ་ཤེས་ངོ་སྤྲོད་དང་ཨེ་ཤེ་ཡ་ལྷོ་མར་འཛིན་པའི་ཀྲུང་གོའི་ཁྱིམ་མཚེས་མཛའ་གྲོགས་སྲིད་ཇུས་རྒྱས་བཤད་གནང་ནས་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཉིས་ཕན་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ཞིས་ཅིན་ཕིང་གྲོས་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་ཕེབས་སྐབས་ཕ་ཁི་སི་ཐན་གྱི་ཙུང་ལི་ཤེ་ལི་ཕུའུ་དང་། གྲོས་ཁང་གོང་མའི་ཀྲུའུ་ཞི་ལ་པ་ཉི། རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ས་ཏི་ཁེ་སོགས་ཀྱིས་ཕེབས་བསུ་ཞུས་པ་མ་ཟད། ཞིས་ཅིན་ཕིང་དང་ལྷན་དུ་གཏམ་བཤད་ཚོམས་ཆེན་དུ་ཕེབས་པ་རེད།
         ཞིས་ཅིན་ཕིང་གཏམ་བཤད་ཚོམས་ཆེན་དུ་ཕེབས་སྐབས་ཚོགས་ར་ཡོངས་ཀྱི་ཚོགས་ཞུགས་མི་སྣ་ཡར་བཞེངས་ནས་བསུ་བ་ཞུས་པ་མ་ཟད། སྒྲོག་ཙེ་བརྡུངས་བའི་སྲོལ་རྒྱུན་གྱི་བྱེད་སྟངས་ཐོག་ནས་ཀྲུང་གོའི་སྐུ་མགྲོན་ཕེབས་པར་བསུ་བ་ཞུས་ཤིང་། ཀྲུའུ་ཞི་ལ་པ་ཉི་ཡིས་སྤྲོ་སེམས་འཁོལ་བའི་གསུང་བཤད་གནང་བ་དང་ཕ་ཁི་སི་ཐན་གྲོས་ཚོགས་ཀྱི་ཚབ་ཞུས་ནས་ཞིས་ཅིན་ཕིང་ཕ་ཁི་སི་ཐན་དུ་འཚམས་འདྲིར་ཕེབས་པ་མ་ཟད། སྐུ་ངོ་མས་ཕ་ཁི་སི་ཐན་གྲོས་ཚོགས་སུ་གཏམ་བཤད་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་ཕ་ཀྲུང་གི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་བརྟན་པོ་ཡོད་པར་བསྔགས་བརྗོད་གནང་བ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གཏམ་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་གྲོགས་ནི་གཅིག་སེམས་གཅིག་གཏད་ཀྱི་ཁ་དན་ཚིག་གནས་ཀྱི་འབྲེལ་བ་ཞིག་དང་བདག་གཞན་མཉམ་བརྗེའི་བདེ་སྡུག་གི་འབྲེལ་བ་ཞིག་ཡིན་པས་རྒྱལ་ཁབ་དང་རྒྱལ་ཁབ་དབར་མཛའ་གྲོགས་མཉམ་གནས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ད་ཐེངས་འཚམས་འདྲི་བྱེད་རིང་རང་ཉིད་དང་ཙུང་ཐུང་ཧོ་སའེ་དབྱིན་དང་ཙུང་ལི་ཤེ་ལི་ཕུའི་དབར་ཀྲུང་ཕའི་འབྲེལ་བ་དེ་གནས་ཚུལ་གང་ལའང་མི་བལྟོས་པའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱུང་ཡོད། ངེས་གནས་དེ་ནི་ཀྲུང་ཕ་གནས་ཚུལ་གང་ལའང་མི་བལྟོས་པའི་མཛའ་གྲོགས་དང་ཕྱོགས་ཡོངས་མཉམ་ལས་ཀྱི་མངོན་གསལ་དོད་པའི་མཚོན་ཚུལ་ཞིག་ཡིན་པས་མིང་དོན་མཚུངས་པ་ཞིག་རེད་ཅེས་བརྗོད་ཆོག་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་ཀས་མི་རིགས་དར་རྒྱས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་རྒྱལ་དར་དམངས་ཕྱུག་ལ་གཞོལ་བའི་རླབས་ཆེན་གྱི་ཕུགས་འདུན་བཅངས་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ལག་གདང་སྦྲེལ་ནས་མཉམ་ལས་དམ་ཟབ་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་གྲོགས་ཀྱི་ལེགས་ཆ་དང་། ས་ཁམས་ཁྱིམ་མཚེས་ཀྱི་ལེགས་ཆ། དཔལ་འབྱོར་གསབ་རེས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱས་ཐོག་ཐུན་མོང་ཐོག་གོ་སྐབས་ལོངས་སྤྱོད་དང་། ཐུན་མོང་ཐོག་འགྲན་སློང་བསུ་བ། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་བྱས་ཏེ་ཀྲུང་ཕའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་པ། ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་དཔེ་མཚོན་ནུས་པ་འདོན་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ནི་སྔར་ནས་བཟུང་ཞི་བདེར་དགའ་ཞེན་ཡོད་མཁན་ཞིག་ཡིན་པས་ཀྲུང་གོས་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་བྱ་རྒྱུ་འཕེལ་རྒྱས་གཏོང་བ་དང་གཉེན་ཉེ་དང་། ལྷག་བསམ་རྣམ་དག ཕན་འདོགས་པ། ཁོང་ཡངས་དཀྱེལ་ཆེ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་མཐའ་འཁོར་རྒྱལ་ཁབ་དང་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་སྟེ་རང་ངོས་འཕེལ་རྒྱས་ཀྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་བྱ་རྒྱུ་ཡིན། ཀྲུང་གོས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མ་ལག་འཕེལ་རྒྱས་བཏང་སྟེ་ཨེ་ཤེ་ཡ་དང་འཛམ་གླིང་འཕེལ་རྒྱས་ཆེད་གོ་སྐབས་དང་ཁོར་ཡུག་གསར་པ་ཡོད་པ་བྱ་རྒྱུ་ཡིན། ང་ཚོས“རྒྱུད་གཅིག་ལམ་གཅིག”ཁུལ་གྱི་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་དང་སྒོ་དབྱེ་མཉམ་ལས་ཀྱི་ལས་སྟེགས་ཐུན་མོང་ཐོག་གཏོད་ནས་ས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་ཆེད་སྒུལ་ཤུགས་གསར་པ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།