མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་
བཏང་སྟེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རྒྱ་ཁྱབ་ཀྱི་སྟོབས་ཤུགས་རྒྱབ་
སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་22ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་
བཏང་སྟེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རྒྱ་ཁྱབ་ཀྱི་སྟོབས་ཤུགས་རྒྱབ་
སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན་ནས་ཚེས་20ཉིན་བར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་འཕྲད་པའི་དུས་བབ་ལ་ཞིབ་འཇུག་གཏིང་ཟབ། འཐབ་ཕྱོགས་གཅིག་གྱུར་གྱི་ཕྱོགས་ཁག་གི་ལས་དོན་ཏན་ཏིག་སྒྲུབ་པ། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་ཆེད་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རྒྱ་ཁྱབ་ཀྱི་སྟོབས་ཤུགས་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
         ཞིས་ཅིན་ཕིང་གི་གསུང་བཤད་ནང་ད་ཕན་ལོ་ཤས་རིང་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་འཐབ་ཕྱོགས་གཅིག་གྱུར་གྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་གཙོ་བོ་སྟངས་འཛིན་ནན་པོ་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཟབ་ཏུ་ཕྱིན་པ། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཕྱི་རྒྱལ་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཞི་མཐུན་ཡོང་རྒྱུར་སྐུལ་མ་ཐེབས་ཐུབ་པ། མཐུན་སྒྲིལ་དང་། འབད་འཐབ། གསར་འབྱེད། གསོན་ཉམས་དོད་པ་བཅས་ཀྱི་རྣམ་པ་བརྟན་དུ་དང་འཕེལ་རྒྱས་ཡོང་བ་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་བསྟན་དོན། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ནང་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་ཏང་ཡོངས་ལས་དོན་གྱི་གལ་ཆེའི་གནས་བབ་ཐོག་བཞག་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་ཧུར་ཐག་བྱེད་པ་དང་སྐོང་འཐེན་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐོང་འཐེན་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་ཆེད་ཕན་ཡོད་ཀྱི་ཆ་རྐྱེན་བཏོད་ཡོད། ད་ཆ་ང་ཚོའི་ཏང་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། འཕྲད་པའི་ཕྱི་ནང་གི་དུས་བབ། ཕྲག་ཐོག་ཏུ་ཁུར་བའི་འགན་འཁྲི་དང་ལས་འགན་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འགྱུར་ལྡོག་ཇི་ཙམ་ཆེ་ཡང་དེ་ཙམ་གྱིས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཡག་པོ་གཏོང་བ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྤེལ་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཆོས་ཉིད་ཁོང་དུ་ཆུད་པ་དང་། རྩ་དོན་མཐའ་འཁྱོངས། བྱེད་ཐབས་ལ་དོ་སྣང་བཅས་བྱེད་དགོས་པ་མ་ཟད། གལ་འགངས་ཆེ་ཤོས་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ལག་བསྟར་བྱས་པའི་སྲིད་ཇུས་དང་སྤྱད་པའི་བྱེད་ཐབས་ཚང་མ་ཏང་གི་འགོ་ཁྲིད་ཀྱི་གནས་བབ་དང་སྲིད་སྐྱོང་གི་གནས་བབ་མཐའ་འཁྱོངས་བྱ་རྒྱུ་དང་བརྟན་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་བྱེད་དགོས། དུས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣེ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་ཆབས་ཅིག་དམངས་གཙོ་དར་སྤེལ་གཏོང་བ་དང་ཁོང་ཡངས་ཀྱི་ཁྱད་པར་ལ་བརྩི་འཇོག་བྱས་ཏེ་ངང་རྒྱུད་རིང་པོ་དང་ཞིབ་ཚགས་ཀྱི་ལས་དོན་ཐོག་ནས་སྤྱིའི་དབྱི་གྲངས་ཆེ་ཤོས་འཚོལ་ཐུབ་པ་བྱེད་དགོས། དུས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་མཐུན་འབྲེལ་དང་གྲོགས་པོ་སྒྲིག་མཁས་པོ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ནི་མིར་སློབ་གསོ་གཏོང་བའི་ལས་དོན་ཞིག་ཡིན་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྒྲུབ་རྒྱུ་དེ་ནི་ཐུན་མོང་གི་འབད་འཐབ་སྟོབས་ཤུགས་སྟོབས་ཆེར་གཏོང་ཆེད་དུ་ཡིན།
         ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། ལོ་བཅུ་ཕྲག་གི་ལག་ལེན་ཐོག་ནས་ལམ་ལུགས་དེ་ནི་རང་རྒྱལ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་ཞིག་དང་རང་རྒྱལ་དུ་རྩ་བ་ཚུགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་གྲུབ་པ་ར་སྤྲོད་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་དེའི་ཕན་ནུས་དེ་བས་ལེགས་པའི་སྒོ་ནས་མངོན་རྒྱུའི་ཤུགས་རྒྱག་ས་དེ་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ་དེ་ཡིན། སྲིད་ཏང་གྲོས་མོལ་གྱི་ནང་དོན་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་གནས་ཚུལ་ཤེས་རྟོགས་དང་ཚུར་ལན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གྲོས་བསྡུར་སྤེལ་རེས་ཀྱི་སྟེགས་བུ་དང་གོ་སྐབས་མང་དུ་བཏང་ནས་གྲོས་མོལ་བྱས་ནས་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་རྒྱུ་དང་ཐབས་ཇུས་བཟང་སྒྲིག་བྱ་རྒྱུར་ནུས་པ་ཐོན་ཐུབ་པ་བྱེད་དགོས། ལམ་ལུགས་ཐད་ནས་སྲིད་ཞུགས་སྲིད་གྲོས་དང་དམངས་གཙོའི་ལྟ་སྐུལ་འགན་ལེན་བྱེད་པ་དང་འཐུས་ཚང་དུ་བཏང་ནས་ནུས་ལྡན་གྱི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། དམངས་གཙོའི་ཏང་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ་བསམ་བློ་དང་། རྩ་འཛུགས། ལམ་ལུགས་བཅས་དང་ལྷག་པར་དུ་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་། སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པ། རྩ་འཛུགས་འགོ་ཁྲིད་ཀྱི་ནུས་པ། མཉམ་ལས་བྱ་བ་སྒྲུབ་པའི་ནུས་པ། རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་ནུས་བཅས་ཆེ་རུ་གཏོང་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ཡིན། ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་སྒྲུབ་པར་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཇོན་ཐང་ཅན་བཀོད་སྒྲིག་བྱེད་དགོས་པ་མ་ཟད། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ་དང་འབྲེལ་ཏང་ཕྱིའི་ཤེས་ཡོན་ཅན་དང་འབྲེལ་བ་བྱེད་པ་དང་ལྷག་པར་དུ་བསམ་བློ་ཆབ་སྲིད་ལས་དོན་སྒྲུབ་པའི་འཇོན་ཐང་ཤེས་ཐུབ་པ་བྱེད་དགོས། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པའི་ཁྲོད་ཀྱི་ཤེས་ཡོན་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ནི་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཤུགས་རྒྱག་ས་གསར་པ་དེ་ཡང་ཡིན། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་རྒྱུར་རྒྱབ་སྐྱོར་དང་། རྒྱལ་ནང་དུ་ལོག་རྒྱུར་སྐུལ་ལྕག འགྲོ་འོང་རང་དབང་། ནུས་པ་འདོན་སྤེལ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་རྒྱལ་ནང་དུ་ཕྱིར་ལོག་ནས་ལས་ཀ་བྱེད་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་ལྕག་བྱེད་དགོས། སྨྱན་སྦྱོར་གསར་པའི་ནང་གི་འཐུས་ཚབ་རང་བཞིན་གྱི་མི་སྣའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། རྒྱུན་གཏན་རང་བཞིན་གྱི་འབྲེལ་གཏུག་ཐབས་ལམ་འཛུགས་པ། གོང་དང་མཉམ་འགུལ་དང་འོག་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དྲ་རྒྱའི་བར་མཐོངས་གཙང་བཟོ་དང་བརྗོད་བྱ་གཙོ་བོ་དར་སྤེལ་གཏོང་བ་སོགས་ཀྱི་ཁྲོད་ཁོང་ཚོའི་དྲང་ནུས་མངོན་ཐུབ་པ་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་དང་། ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཅིག་ནས་སྐུལ་ལྕག་རྒྱབ་སྐྱོར་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་སློབ་གསོ་ཁྲིད་སྟོན་དམ་འཛིན་བྱས་ཏེ་ཁོང་ཚོའི་བསམ་བློར་དོ་ཁུར་དང་། ཁོང་ཚོའི་དཀའ་ངལ་ལ་དོ་ཁུར། དམིགས་ས་ཡོད་པའི་སྒོ་ནས་རོགས་རམ་དང་ཁྲིད་སྟོན། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་དང་ལྷག་པར་དུ་ན་གཞོན་མི་རབས་ཀྱིས་ཕྱུག་པོར་འགྱུར་བ་བྱེད་དུས་འབྱུང་རྩ་བསམ་པ་དང་ཕྱུག་པོར་གྱུར་རྗེས་ཡར་བརྩོན་བསམ་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་གཅེས་དང་། ལས་བཀུར། གསར་གཏོད། ཁྲིམས་སྲུང་། ཡིད་རྟོན། ལེགས་སྐྱེས་བཅས་འབུལ་ཐུབ་པ་བྱེད་དགོས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནི་ཏང་དང་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཡིན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་ཚོང་ཚོགས་རྩ་འཛུགས་ནང་ཁྱབ་པ་བྱེད་པ་དང་འབྲེལ་ཚོང་ཚོགས་རྩ་འཛུགས་ནང་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་དང་། ཁྲིད་སྟོན། ཞབས་ཞུ་བཅས་ཀྱི་འགན་ནུས་འདོན་སྤེལ་བྱས་ནས་ཚོང་ཚོགས་འཕེལ་རྒྱས་འགྲོ་བའི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་ཀྱི་ལས་དོན་དང་ཆོས་ལུགས་ཀྱི་ལས་དོན་ཚང་མ་ནི་སྤྱི་ཡོངས་རང་བཞིན་གྱི་ལས་དོན་ཞིག་ཡིན། ན་ནིང་འཚོགས་པའི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་འཐབ་ཇུས་ལས་འགན་གཏན་འཁེལ་བྱས་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཞིག་ཡིན། སྒོ་ཀུན་ནས་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ལག་བསྟར་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། རང་ཚུགས་རང་བདག་རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པར་ངེས་པར་དུ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ངེས་པར་དུ་རྩོད་སྒྲུབ་ཀྱི་ཐོག་ནས་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་ལྟ་སྟངས་འཛིན་པ། ངེས་པར་དུ་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། རིག་གནས་གྲ་རྒྱས། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་ཆོས་ལུགས་ཀྱིས་ཞབས་འདེགས་ཧུར་ཐག་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་གཏིང་ཟབ་བྱུང་བ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཕྱིན་པ། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་དང་བསྟུན་ནས་སྐམ་ས་ཆེ་མོའི་ནང་དང་ཕྱིའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་གཉིས་ཀྱི་མནའ་འབྲེལ་གྱི་ཁོངས་མི་ཕན་ཚུན་འགྲོ་འོང་བྱེད་ཚད་མང་དུ་ཕྱིན་པ་དང་། འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། དེར་བརྟེན། དུས་བབ་གསར་པ་དང་བསྟུན་ནས་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་དང་། ཐའེ་དབན་ལ་འཛིན་པའི་ལས་དོན། ཕྱིར་སྡོད་རང་མིའི་ལས་དོན་བཅས་ཡག་པོ་སྒྲུབ་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཕྱིའི་འཐུས་མིའི་མི་སྣ་གསོ་སྐྱོང་དང་སྤྱོད་རྒྱུ་དེ་ནི་ང་ཚོའི་ཏང་གི་སྔ་བར་ཕྱི་གསུམ་གྱི་སྲིད་ཇུས་ཤིག་ཡིན། ཏང་ཕྱིའི་འཐུས་མིའི་མི་སྣ་གསོ་སྐྱོང་དང་། འདེམས་བསྐོ་སྤྱོད་རྒྱུ་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་བྱེད་མཁན་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་མཁན། འཐུས་མིའི་རང་བཞིན་དང་སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པ་ཆེ་ཙམ་ལྡན་པ་བཅས་ཀྱི་ཏང་ཕྱིའི་འཐུས་མིའི་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཏང་ཕྱིའི་འཐུས་མིའི་མི་སྣའི་ལས་དོན་གྱི་གཙོ་གནད་ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱོད་རྒྱུ་དང་དེའི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཡིན་པ་དང་འགག་རྩ་ནི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། ཏང་ཕྱིའི་ཕུལ་བྱུང་ཤེས་ལྡན་མི་སྣས་རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དང་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱ་རྒྱུ། རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་བཅས་ལ་ཁྲིད་སྟོན་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་ཏང་ཡོངས་ཀྱི་ལས་དོན་ཞིག་ཡིན་པས་ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་བྱེད་པ་དང་ཚང་མས་མཉམ་དུ་སྒྲུབ་དགོས། རིམ་ཁག་ཏང་ཨུད་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་གལ་ཆེའི་གནས་བབ་ཐོག་འཇོག་དགོས་པ་དང་འབྲེལ་རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་སྒོ་གལ་ཆེན་ནང་ཞུགས་རྒྱུར་སྣེ་ཁྲིད། རྒྱ་ཁྱབ་དང་གཏིང་ཟབ་ངང་ཏང་ཕྱིའི་མི་སྣ་དང་གྲོགས་པོ་སྒྲིག་རྒྱུར་སྣེ་ཁྲིད་བཅས་བྱེད་དགོས། ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་པུའི་སྣེ་ཁྲིད་མཐུན་སྦྱོར། འབྲེལ་ཡོད་ཕྱོགས་ཁག་གིས་རང་འགན་ཁུར་བ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་མཐའ་འཁྱོངས་བྱས་ཏེ་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་བཏང་ནས་ལྷག་བསམ་རྣམ་དག་དང་། མི་ལ་ལྟ་སྟངས་འདྲ་མཉམ་འཛིན་པ། སྤྱོད་གཙང་གཞུང་བཀུར་བཅས་བྱས་ཏེ་ཏང་ཕྱིའི་མི་སྣའི་བརྩི་འཇོག་དང་མོས་སེམས་དངོས་འབྲེལ་ཐོབ་པ་བྱས་ཏེ་ཁོང་ཚོས་ང་ཚོའི་ཏང་དང་མཉམ་དུ་འབད་འཐབ་བྱ་རྒྱུར་མཐུན་སྒྲིལ་བྱེད་དགོས།