མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ཏུའུ་མའེ་ཐེ་ཕ་ལི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་23ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ཏུའུ་མའེ་ཐེ་ཕ་ལི་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནེའུ་ཙི་ལན་གྱི་ཙུང་ཏུའུ་མའེ་ཐེ་ཕ་ལི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་བྱུང་བར་གདེང་འཇོག་ཆེན་པོ་གནང་བ་དང་སྦྲགས་ཕྱོགས་གཉིས་པོས་མུ་མཐུད་དེ་ཐུན་མོང་དུ་འབད་བརྩོན་བྱས་ནས་ཀྲུང་ནེའུ་དབར་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཡིད་མཐུན་ཡང་གནང་བ་རེད།
           ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་ནེའུ་དབར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་དུས་སྐབས་གསར་པ་ཞིག་གི་ཕྱོགས་སུ་སྐྱོད་བཞིན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་བས་མང་བ་སྐྲུན་དགོས། ཀྲུང་ནེའུ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་མཐོ་རིམ་འགྲོ་འོང་གི་སྣེ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། སྲིད་ཏང་། ས་གནས། དེ་བཞིན་ལས་རིགས་ཁག་བཅས་ཀྱི་མི་སྣ་ཕན་ཚུན་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་དང་དམངས་འདུན་རྨང་གཞི་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཞི་ཁྱོན་གྱི་རིམ་པ་མཐོ་རུ་གཏོང་ཐབས་ཧུར་ཐག་བྱེད་དགོས་པ་དང་། ཞིང་འབྲོག་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་བཟའ་བཅའ་བདེ་འཇགས་དང་། སྐྱེ་དངོས་སྨན་རྫས། ནུས་རྒྱུ་གསར་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཀྱི་མཉམ་ལས་འཕར་གཞི་གསར་པའང་ཧུར་ཐག་གཏོད་དགོས། ཕྱོགས་གཉིས་པོས་དམག་ཕྱོགས་མཐོ་རིམ་འཚམས་འདྲི་དང་། འགོག་སྲུང་ལས་དོན་གྲོས་མོལ། མཉམ་འབྲེལ་སྦྱོང་བརྡར། དཔོན་དམག་སྤེལ་རེས་སོགས་རྣམ་པ་བརྒྱུད་འགོག་སྲུང་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་ཆོག སྲིད་འཛིན་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྒྲོལ་ཉེས་གསོག་བྱེད་སྤྱོད་ལ་ལག་གདང་སྦྲེལ་ཏེ་རྡུང་རྡེག་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་མི་ཆོས་སྤེལ་རེས་ལས་དོན་སྤེལ་རྒྱ་ཆེ་རུ་གཏོང་འདོད་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་སློབ་མ་ཕན་ཚུན་སྤེལ་རེས་དང་། མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་། ཚན་ཞིབ། རྒྱ་ཡིག་སློབ་ཁྲིད། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཡུན་རིང་བརྟན་ལྷིང་གི་མཉམ་ལས་རོགས་ཟླའི་འབྲེལ་བ་ཞིག་འཛུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          མའེ་ཐེ་ཕ་ལི་ཡིས་ནེའུ་ཀྲུང་དབར་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ནེའུ་ཙི་ལན་སྲིད་གཞུང་གིས་ཀྲུང་གོའི་འཕེལ་རྒྱས་དང་ནེའུ་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ན་ནིང་ནེའུ་ཙི་ལན་དུ་གྲུབ་འབྲས་ཐོན་པའི་སྒོ་ནས་འཚམས་འདྲི་གནང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གནང་ཡོད། ང་ད་རེས་ཀྲུང་གོར་འཚམས་འདྲིར་ཡོང་དོན་གཙོ་བོ་ནི་ཀྲུང་གོ་དང་མཉམ་དུ་ཆབ་སྲིད་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྲོས་མོལ་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་ཡིན། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་འཕེལ་རྒྱས་ཆེན་པོ་བྱུང་བའི་གོ་སྐབས་དམ་པོར་བཟུང་ནས་ནེའུ་ཀྲུང་ཕྱོགས་གཉིས་པོའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།