མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་དབན་ལི་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་24ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བློ་མཐུན་དབན་ལི་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་བྱས་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཉམས་སད་ཡུན་རིང་ཐེག་པའི་བློ་དཀར་སེམས་དཀར་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་ཕུལ་བྱུང་གསར་རྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་གཞོན་པ། སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན་པའི་བློ་མཐུན་དབན་ལིའི་སྐུ་ཕུང་ཚེས་22ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་བྱས་པ་རེད།
         བློ་མཐུན་དབན་ལིར་སྙུན་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར་2015ལོའི་ཟླ་7ཚེས་15ཉིན་གྱི་ཆུ་ཚོད་12དང་སྐར་མ་55ཡི་ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་99ཡིན་པ་རེད།
         བློ་མཐུན་དབན་ལི་སྙུན་རིང་དང་སྐུ་གཤེགས་རྗེས་བློ་མཐུན་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་ཀྱིས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་དབན་ལི་སྐུ་གཤེགས་པར་ཐུགས་སྐྱོ་པོའི་ངང་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་ཐུགས་བརྩེ་ཆེན་པོས་འཚམས་འདྲི་གནང་བ་རེད།
         ཚེས་22ཉིན་གྱི་སྔ་དྲོ་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོའི་ཚོམས་ཆེན་དུ་སྒམ་བརླིང་ལྡན་པ་དང་འདས་མཆོད་རོལ་དབྱངས་ཀྱི་སྒྲ་གྲགས། ཚོམས་ཆེན་གྱི་དབུས་སུ“ཡིད་ཤིན་ཏུ་སྐྱོ་བའི་ངང་བློ་མཐུན་དབན་ལི་ལ་མྱ་ངན་ཞུ”ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད་པ་དང་། འཕྲེད་འགེལ་ཡི་གེའི་འོག་ཏུ་བློ་མཐུན་དབན་ལི་འདས་པོའི་སྐུ་པར་བཀལ་ཡོད། བློ་མཐུན་དབན་ལི་ཡི་སྐུ་ཕུང་མེ་ཏོག་སོས་པའི་ཁྲོད་བཞག་ནས་སྐུ་ཕུང་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་གཡོགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཧུའུ་ཅིན་ཐའོ་སོགས་འདས་མཆོད་རོལ་དབྱངས་ཁྲོད་ག་ལེར་བློ་མཐུན་དབན་ལི་ཡི་སྐུ་ཕུང་མདུན་དུ་ཕེབས་ནས་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་དབན་ལི་ཡི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་དང་འབྲེལ་བློ་མཐུན་དབན་ལི་ཡི་གཉེན་ཉེ་རེ་རེ་དང་ཕྱག་བཏང་གནང་ནས་འཚམས་འདྲི་ཞུས་པ་རེད། ཅང་ཙེ་མིན་གྱིས་ས་ཆ་གཞན་ནས་འདས་མཆོད་མེ་ཏོག་ཕྲེང་བ་བསྐྱལ་ནས་བློ་མཐུན་དབན་ལི་སྐུ་གཤེགས་པར་མྱ་ངན་ཞུས་པ་རེད།
         ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་སྐུ་ཕུང་ཞལ་གྱེས་ཞུ་བར་ཕེབས་པའམ་ཡང་ན་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་མྱ་ངན་ཞུས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་དང་བློ་མཐུན་དབན་ལི་སྐུ་འཚོ་ཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་ཞལ་གྱེས་ཞུ་བར་ཕེབས་པ་རེད།