མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཨེར་ཏོ་ཨན་རྣམ་གཉིས་ཀྲུང་ཐུར་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དང་ཨེར་ཏོ་ཨན་རྣམ་གཉིས་ཀྲུང་ཐུར་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་རྣམ་གཉིས་པེ་ཅིང་དུ་འཚོགས་པའི་ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ནང་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་གནང་བ་རེད།
         ཞིས་ཅིན་ཕིང་གི་ཤིས་ཚིག་ནང་ཀྲུང་ཐུར་རྒྱལ་ཁབ་གཉིས་པོ་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཤར་ནུབ་སྣེ་གཉིས་སུ་གནས་ཡོད་པ་དང་གནའ་བོའི་དར་གོས་ལམ་བུའི་འགོ་འཛུགས་ས་དང་མཇུག་འགྲིལ་སའང་ཡིན་པས་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེ་རིང་ཀྲུང་གོ་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་སྐབས་སུ་ཐུར་ཁེས་རྒྱལ་སྐྱོང་ལོ་བརྒྱའི་འཆར་གཞིའང་བཏོན་ཡོད། རང་ཉིད་འཕེལ་རྒྱས་གཏོང་བར་རང་ངོ་མས་འབད་བརྩོན་བྱེད་དགོས་ལ་རྒྱལ་སྤྱིའི་དབར་མཉམ་ལས་ཀྱང་བྱེད་དགོས། ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་གྱི་རྨང་གཞིའི་ཐོག་ཀྲུང་ཐུར་འཐབ་ཇུས་མཉམ་ལས་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཕན་བདེ་བསྐྲུན་རྒྱུའི་ཐད་ང་དང་ཙུང་ཐུང་ཨེར་ཏོ་ཨན་དབར་མོས་མཐུན་གཅིག་གྱུར་བྱུང་སོང་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཐུར་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཙུང་ལི་གཞོན་པ་རིམ་པའི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལམ་སྲོལ་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར་ཉོ་ཚོང་། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་མཐུན་སྦྱོར་བྱེད་པ་དང་། མྱུར་བགྲོད་ལྕགས་ལམ་དང་ནུས་རྒྱུ་གསར་པའི་མཉམ་ལས་གཙོ་གཞི་གཉིས་གཙོ་གནད་དུ་གཏོད་པ། འཇིག་རྟེན་འཕུར་སྐྱོད་དང་། དངུལ་རྩ། མ་འཇོག་བཅས་གསར་དར་མཉམ་ལས་ཁྱབ་ཁོངས་གསུམ་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས“མཛུབ་ཁྲིད་ཀྱི་ལམ་སྲོལ་གཅིག་དང་། མཉམ་ལས་ཀྱི་གཙོ་གནད་གཉིས། གསར་དར་ཁྱབ་ཁོངས་གསུམ”བརྒྱུད་དེ་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་ཅན་ནི་ཀྲུང་ཐུར་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ནང་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཡིན། ཀྲུང་ཐུར་དབར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་དངོས་འབྲེལ་དྲང་འབྲེལ་གྱི་མཉམ་ལས་འབྲས་བུ་ཞིག་ཏུ་འགྱུར་བ་བྱེད་པར་རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་ཅན་གྱིས་དཀའ་བ་ཚད་མེད་ཁྱད་བསད་བྱེད་དགོས། ང་ཚོས་ཀྲུང་ཐུར་འཐབ་ཇུས་མཉམ་ལས་ཀྱི་མཐོ་ཚད་ཐོག་ནས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་དང་ཟབ་རྨོ་ཞིབ་ལས་བྱས་ཏེ་ཀྲུང་ཐུར་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་གཡུར་ཟའི་འབྲས་བུ་བསྡུ་དགོས་ཞེས་ནན་བཤད་གནང་བ་རེད།
         ཨེར་ཏོ་ཨན་གྱི་ཤིས་ཚིག་ནང་ད་ཐེངས་ང་ཀྲུང་གོར་འཚམས་འདྲིར་ཡོང་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གལ་ཆེའི་ངོས་འཛིན་གཅིག་མཐུན་མང་པོ་བྱུང་སོང་། ཉེ་བའི་ལོ་ཤས་རིང་ཐུར་ཀྲུང་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་ཕྱོགས་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཐུར་ཁེས་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་བསམ་བཀོད་དང་དར་གོས་ཐེབས་རྩར་རྒྱབ་སྐྱོར་བྱས་ནས་འབྲེལ་ཡོད་མཉམ་ལས་ནང་ཧུར་ཐག་ཞུགས་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཐུར་ཁེར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཐུར་ཁེའི་སྲིད་གཞུང་གིས་དགའ་བསུ་ཞུ་རྒྱུ་ཡིན་ལ་དེའི་ཐད་ཕན་ཡོད་ཀྱི་ཁོར་ཡུག་ཅིག་ཀྱང་གཏོད་འདོད་ཡོད་ཅེས་གསུངས་པ་རེད།