མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གཙོ་གནད་མངོན་གསལ་དང་ལས་དོན་ཏན་ཏིག་བསྒྲུབས་ནས"རྒྱུད་གཅིག་ལམ་གཅིག"
འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་
དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་23ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།གཙོ་གནད་མངོན་གསལ་དང་ལས་དོན་ཏན་ཏིག་བསྒྲུབས་ནས'རྒྱུད་གཅིག་ལམ་གཅིག'
འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་
དགོས་པའི་ནན་བཤད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་སློབ་སྦྱོང་བྱས་ཏེ་དུས་མཚམས་གོང་མའི་ལས་དོན་ཕྱོགས་སྡོམ་དང་གཙོ་གནད་ཁ་ཕྱོགས་དང་། གཙོ་གནད་ཀྱི་རྒྱལ་ཁབ། གཙོ་གནད་རྣམ་གྲངས་བཅས་ལ་དམིགས་ཐོག་སྔར་ལས་ལྷག་པའི་ངང་དུས་མཚམས་རྗེས་མའི་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།
         ཀྲང་ཀའོ་ལིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་དོན་འཁྱོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནི་འབོད་ཚིག་སྟོང་པ་ཞིག་མིན་པར་མིག་མཐོང་ལག་ཟིན་ཐུབ་པའི་བྱ་ཐབས་དངོས་ཡིན་པས་ས་ཁུལ་དང་རྒྱལ་ཁབ་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་རྒྱུ་རེད་ཅེས་གསུངས་ཡོད། ང་ཚོས་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་གཏོད་རྒྱུའི་གྲོས་འགོ་བཏོན་ཡོད་པས་ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་ཉོ་ཚོང་དང་མ་འཇོག་ལ་སྐུལ་འདེད་དང་། ལམ་རྒྱུད་རྒྱལ་ཁབ་ཕན་ཚུན་འབྲེལ་མཐུད་དང་བཟོ་ལས་ཅན་གསར་པར་སྐུལ་འདེད། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་བཅས་ཐེབས་རྒྱུ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་གཅིག་མཐུན་དང་ཐུན་མོང་ཐོག་འབད་བརྩོན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ལས་དོན་ཁག་གོ་རིམ་ལྡན་ལ་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།
         ཀྲང་ཀའོ་ལིས་མིག་སྔར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཐད་ཕྱོགས་ཁག་གི་སྤྲོ་སེམས་འཁོལ་བའི་དང་ལེན་ཐོབ་ནས་རྣམ་པ་བཟང་པོ་ཞིག་ཆགས་ཡོད། འགག་རྩ་ནི་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བླང་བྱ་གཞིར་བཟུང་གཙོ་གནད་མངོན་གསལ་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཐད་འདི་ལོ་འགོ་ཡག་པོ་འཛུགས་ཐུབ་པ་བྱ་རྒྱུ་དེ་རེད། གཙོ་གནད་ཁ་ཕྱོགས་ལ་དམ་པོར་དམིགས་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོའི་ཟམ་པ་དང་། ཀྲུང་མོང་ཨུ་རྒྱལ་ཁབ་གསུམ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་རྒྱུད་དང་ཨེ་ཤེ་ཡ་ནུབ་རྒྱུད། ཀྲུང་གོ་དང་དབུལ་ལྷོ་ཕྱེད་གླིང་། ཀྲུང་གོ་དང་ཕ་ཁི་སི་ཐན། བྷང་ག་ལ་དང་ཀྲུང་གོ་དང་འབར་མའི་རྒྱལ་སྤྱིའི་དཔལ་འབྱོར་བར་འཁྱམས་ཆེ་མོ་དྲུག་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་རྒྱལ་ཁབ་ལ་དོ་ཁུར་གྱིས་ཡུན་རིང་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཐུན་མོང་ཐོག་ཕན་ཚུན་ཡིད་ཆེས་དང་། མཉམ་འདྲེས། བསྟུན་མཁས་བཅས་ཀྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་དང་། འགན་འཁྲི་གཅིག་མཐུན་འདུས་གྲུབ། ལས་དབང་གཅིག་མཐུན་འདུས་གྲུབ་བཅས་གཏོད་དགོས། གཙོ་གནད་ཁྱབ་ཁོངས་ལ་ཤུགས་སྣོན་གྱིས་ཕན་ཚུན་འབྲེལ་མཐུད་དང་ཐོན་ལས་མཉམ་ལས་དེ་ཉིད་འདེགས་རྟེན་ཞིག་ཏུ་བརྩིས་ནས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་དང་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་ཐོག་དོན་གཉེར་དང་གཉིས་ཁེའི་མཉམ་ལས་ཁྱབ་ཁོངས་དེ་བས་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་རྣམ་གྲངས་ལ་དམ་འཛིན་ནན་པོ་བྱས་ནས་རྨང་གཞིའི་རང་བཞིན་དང་དཔེ་སྟོན་གྱི་ནུས་པ་ལྡན་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཁག་གཅིག་གཏོད་དེ་དུས་ཚོད་དམ་འཛིན་གྱིས་དབང་གྲགས་དང་ཚད་གཞི་ལྡན་པ་དང་ཆ་ཚང་བའི“རྒྱུད་གཅིག་ལམ་གཅིག”གི་གལ་ཆེའི་རྣམ་གྲངས་གྲབས་གསོག་མཛོད་བསྐྲུན་དགོས། མཛུབ་ཁྲིད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་གྱིས་གཙོ་གནད་ས་ཁུལ་མངོན་གསལ་དོད་པོ་ཡོང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་ངེས་གནས་ཁ་གསལ་ཡོང་བ། ས་ཁུལ་ཁག་གི་ལེགས་ཆ་འདོན་སྤེལ་བྱེད་པ། ཤར་དབུས་ནུབ་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྐུལ་རེས་བཟང་པོ་ཡོང་བ་བཅས་ཀྱི་ཐོག་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་པའི་ཁྲོད་རྒྱལ་ཡོངས་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།