མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་ཏན་ཏིག་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་བཞི་པ།
         སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་རྒྱུ་དེ་ནི་བོད་ཀྱི་ལས་དོན་གྱི་སྤྱིའི་དམིགས་ཡུལ་ཡིན་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོ་ཡང་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་དམ་འཛིན་ལྷོད་མེད་དང་རྒྱུན་སྲིང་ལྷོད་མེད་བྱེད་དགོས་པ་དང་། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་དགོས་ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར། གལ་ཆེ་ཤོས་ཤིག་ནི་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་དགོས་པ་དེ་རེད།
         དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཡིན་པའི་ངོས་ནས་བརྗོད་ན། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོ་དང་འབྲེལ་བ་ཡོད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། ང་ཚོའི་ཏང་གིས་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་རང་ལྗོངས་ཀྱི་གནས་ཚུལ་དང་འཚམ་པའི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་ལག་ལེན་བསྟར་བས། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་། མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་དམ་ཟབ། ཆོས་ལུགས་བྱེད་སྒོ་སྐྱོན་བྲལ་དང་གོ་རིམ་ལྡན་པ་བཅས་ལ་སྐུལ་མ་ཐེབས་པ་དང་། ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐུབ་སྟེ། བོད་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་ཏང་གི་ཆོས་ལུགས་སྲིད་ཇུས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་པ་དང་གསོན་ཤུགས་ཆེན་པོ་ལྡན་པ་ར་སྤྲོད་ཐུབ་ཡོད།
         བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཡོང་བར། ད་དུང་ཡུན་རིང་དང་རྙོག་འཛིང་ཆེ་བའི་འགྲན་སློང་འཕྲད་ཡོད། “མེ་དགོས་ན་མེ་ཤིང་འཐུ། ཆུ་དགོས་ན་ཁྲོན་པ་འདྲུ” ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འགོག་ཟོན་དང་རྡུང་རྡེག་ནན་པོ་བཏང་སྟེ། ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བར། མཐར་གཏུགས་ནས་བཤད་ན་ང་ཚོའི་ནང་ནུས་ལ་ལྟ་དགོས། ནང་ནུས་དེ་ནི་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལ་གོ་བ་ལེན་པའི་ཆུ་ཚད་དང་དོན་འཁྱོལ་བྱེད་ནུས་དེ་རེད། ནང་ནུས་དེ་ལེགས་པོ་བྱུང་བ་དང་རྨང་གཞི་ཡག་པོ་འདིང་ཐུབ་ན། ང་ཚོས་“རླུང་དང་རྦ་རླབས་ཇི་ལྟར་ཆེ་ན་ཡང་། གཡོ་མེད་འགུལ་མེད་རི་བོ་བཞིན་དུ་བརྟན”པ་གནས་ཐུབ།
         མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ནི། མི་རིགས་མང་བའི་རྒྱལ་ཁབ་མཐུན་སྒྲིལ་གཅིག་གྱུར་དང་དར་རྒྱས་གོང་འཕེལ་གྱི་ལོ་རྒྱུས་ཀྱི་ཆོས་ཉིད་རེད། ཤིང་རྐང་གཅིག་གི་ནགས་ཚལ་ཆགས་མི་ཐུབ་ཅེས་པ་ལྟར་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་རོགས་རམ། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་བཅས་བྱས་ཚེ། གཞི་ནས་ང་ཚོའི་རྒྱལ་ཁབ་དེ་མཐུན་སྒྲིལ་མཛའ་བཤེས་དང་འཆམ་ཞིང་སྐྱིད་པའི་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་རེད།
         ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ཡང་དག་ལག་བསྟར་བྱེད་པར། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཆེན་པོ་ཆགས་པ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གཏོད་འཛུགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། གཞོན་ནུ་ལོ་ཆུང་ནས་དམ་འཛིན་བྱ་རྒྱུར་སྣང་ཆེན་བྱེད་དགོས་པ་དང་། ཆ་རྐྱེན་བསྐྲུན་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་དང་ནང་སའི་མང་ཚོགས་མཉམ་འགུལ་ཐུབ་རྒྱུར་སྐུལ་མ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་གཉེན་ཚན་ལྟར་ཉེ་པོ་ཆགས་པ་བྱེད་དགོས་པ། སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་བོད་རིགས་ཀྱིས་རྒྱ་ཡིག་སློབ་སྦྱོང་བྱེད་དགོས་པ་མ་ཟད། རྒྱ་རིགས་ཀྱིས་ཀྱང་བོད་ཡིག་སློབ་སྦྱོང་བྱས་ཏེ། སྐད་ཡིག་དེ་མི་རིགས་ཁག་སྤེལ་རེས་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ལྟ་བུར་འགྱུར་བ་བྱེད་དགོས།
         བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཅིག་རེད། བོད་བརྒྱུད་ནང་བསྟན་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལྡན་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲྭ་དམངས་ཕལ་ཆེ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་སྲུང་ཞུ་མཁན་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་མཁན་རེད། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཆབ་སྲིད་ཐོག་མཐུན་སྒྲིལ་དང་། དད་མོས་ཐོག་བརྩི་འཇོག་བྱས་ཏེ། ཁོང་ཚོའི་ཆོས་དད་རང་མོས་འགན་ལེན་གང་ལེགས་བྱེད་དགོས་པ་དང་སྦྲགས་རང་ཚུགས་རང་བདག་དང་རང་གཉེར་དེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་བའི་རྩ་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱད་དེ། འདུལ་ཁྲིམས་དང་ཆོས་ཀྱི་སྙིང་པོའི་དགོངས་འགྲེལ་གྱི་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་ནས། སྡིག་སྤོང་དགེ་སྒྲུབ་དང་། འདྲ་མཉམ་བཟོད་སྒོམ། དབུལ་སྐྱོར་དཀའ་སེལ་སོགས་ཀྱི་ཡར་ཐོན་བསམ་བློ་དར་སྤེལ་བཏང་སྟེ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་སྐུལ་མ་བཏང་ནས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་རྒྱུ་འགན་ལེན་བྱེད་དགོས།
         ཆེས་འགག་རྩ་ནི་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དང་། གོ་ཆོད་ཤོས་ནི་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་རེད། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ལ་འདོན་པའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱས་ཚེ། ང་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཐུབ། ༼ འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། ༽