མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་ཞིང་། ཕྱོགས་གཉིས་པོས་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་བཟང་པོ་གནང་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་ནང་དམ་པ་དོན་གཉེར་གྱི་མཉམ་ལས་སྔར་བས་བྱས་ཏེ་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུའི་མོས་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་མོ་ཁེར་གྱིས་ཙུང་ལིའི་འགན་བཞེས་ཚུན་ཀྲུང་གོར་འཚམས་འདྲི་ཐེངས་བརྒྱད་པ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་སྤེལ་རེས་ཟབ་མོ་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་ལུགས་མཚོན་ཐུབ། ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་དང་འབྲེལ་བ་ཡོད་ལ་ཀྲུང་གོ་དང་ཡོ་རོབ་མཉམ་ལས་བྱ་རྒྱུ་ཙམ་མ་ཟད། ཐ་ན་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་གཅིག་ནས་ཕྱོགས་གཉིས་ཀར་དམིགས་དགོས་པ་དང་། གཉིས་ནས་ཀྲུང་གོ་དང་ཡོ་རོབ་དང་ཨེ་ཤེ་ཡ་དང་ཡོ་རོབ་ཙམ་མ་ཟད། ཐ་ན་གོ་ལ་ཧྲིལ་པོར་དམིགས་དགོས། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་པོའི་འཕེལ་རྒྱས་ལམ་བུར་བརྩི་འཇོག་བྱེད་པ། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་ཡུལ་ལ་བསམ་ཤེས་དང་ལྟ་རྟོག་བཅས་བྱས་ནས་རིམ་པ་ཁག་ཏུ་སྤེལ་རེས་ཟབ་མོ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། 《ཀྲུང་གོ་དང་འཇར་མན་མཉམ་ལས་ཀྱི་བྱ་སྤྱོད་རྩ་གནད་》ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་གཏིང་ཤུགས་སྔར་བས་སྔོག་འདོན་དང་མཉམ་ལས་ཀྱི་འཕར་གཞི་གསར་པ་དེ་བས་མང་བ་སྐྱེད་སྲིང་བྱས་ནས་ནོར་སྲིད་དངུལ་རྩ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས། གློག་སྒུལ་རླངས་འཁོར། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་། རིག་ནུས་བཟོ་སྐྲུན། ཐོན་སྐྱེད་དྲ་རྒྱ་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་དབུས་ནུབ་ཁུལ་འཕེལ་རྒྱས་དང་བྱང་ཤར་གྱི་བཟོ་ལས་ཀྱི་རྟེན་གཞི་རྙིང་པ་སྒྱུར་བཀོད་ནང་འཇར་མན་ཕྱོགས་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་འཇར་མན་གྱིས་2016ལོའི་ཀྲུང་གོའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་འཇར་རྒྱལ་ཁབ་གཉིས་པོར་རིག་གནས་དང་། སློབ་གསོ། ལུས་རྩལ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སོགས་ཁྱབ་ཁོངས་མང་པོའི་ནང་མཉམ་ལས་བྱེད་ཁྱོན་ཆེན་པོ་ཡོད། ཕྱོགས་གཉིས་པོར་ཕྱི་ལོ་མཉམ་དུ་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལོའི་བྱེད་སྒོ་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་སྒྲིག་གཞི་དང་ཁོངས་མིའི་རྒྱལ་ཁབ་ཁག་དབར་ཕྱོགས་ཡོངས་ཀྱི་མཉམ་ལས་བྱས་ནས་ཞི་བདེ་དང་། འཕར་སྣོན། སྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་གཏོད་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་དབར་ཕན་ཚུན་འབྲེལ་མཐུད་ཀྱི་སྟེགས་བུ་གཏོད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ། ཀྲུང་གོ་དང་ཡོ་རོབ་ཀྱི་མ་དངུལ་གཏོང་བའི་གྲོས་ཆོད་ལ་གྲོས་མོལ་བྱེད་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་གྲོས་འཆམ་བྱུང་བས། འཇར་མན་ཕྱོགས་ཀྱིས་བྱེད་ཐབས་དེ་དག་ལ་བརྟེན་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད། འཇར་མན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་གྲོས་གཞིར་རྒྱབ་སྐྱོར་དང་དེར་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
         མོ་ཁེར་གྱིས་ཉེ་བའི་ལོ་ཤས་རིང་འཇར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཚད་གཞི་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས། རིམ་པ་ཁག་ཏུ་སྤེལ་རེས་ཧ་ཅང་ཟབ་མོ་བྱུང་བ་དང་། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། དུས་བབ་གསར་པའི་འོག་འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་། ཐོན་ལས། དངུལ་རྩ་བཅས་ལ་དམ་པ་དོན་གཉེར་གྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་བསྐྲུན་རྒྱུར་ཧུར་ཐག་ཞུགས་འདོད་ཡོད། རྒྱལ་སྤྱིའི་ལས་དོན་ཁྲོད་འཇར་ཀྲུང་རྒྱལ་ཁབ་གཉིས་པོར་ཐུན་མོང་གི་ཁེ་ཕན་མང་པོ་དང་མཉམ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པས། མཐུན་སྦྱོར་ལ་ཤུགས་བརྒྱབ་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་དང་རྒྱལ་སྤྱིའི་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལ་འབད་འཐབ་བྱ་ཆོག་གི་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་ལ་ཞུགས་རྒྱུར་རྒྱབ་སྐྱོར་དང་། མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་དམིགས་བསལ་འདོན་དབང་ལྡན་པའི་དངུལ་ལོར་གྱི་གྲས་སུ་ཞུགས་རྒྱུར་རྒྱབ་སྐྱོར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་ཐོབ་སྐལ་སྒྱུར་བཅོས་ཇུས་གཞི་དོན་འཁྱོལ་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་ཡག་པོ་གཉེར་རྒྱུར་འཇར་མན་ཕྱོགས་ཀྱིས་གཞོགས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         མོ་ཁེར་གྱིས་དེང་སྐབས་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་དུས་བབ་དང་། སྐྱབས་བཅོལ་བའི་དཀའ་གནད་ཁྱད་བསད། བུ་ལོན་གྱི་ཉེན་ཁ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་ཀྲུང་གོ་ཕྱོགས་ཀྱིས་དེར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།