མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཅི་ཞིན་ཀེ་སོགས་ཨ་མེ་རི་ཁའི་ཕྱོགས་ཀྱི་སྐུ་ཚབ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཅི་ཞིན་ཀེ་སོགས་ཨ་མེ་རི་ཁའི་ཕྱོགས་ཀྱི་སྐུ་ཚབ་ལ་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཨའི་“གཞུང་ཕྱོགས་མིན་པའི་”མཐོ་རིམ་བར་གྱི་གླེང་མོལ་གྲོས་ཚོགས་ཐེངས་ལྔ་པར་ཞུགས་མཁན་ཨ་རིའི་ཕྱོགས་ཀྱི་ཀྲུའུ་ཞི་དང་ཨ་རིའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀེ་དང་། དེ་བཞིན་ཨ་རིའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཧྲུའུ་ཨེར་ཚི། ནོར་སྲིད་པུའུ་ཀྲང་ཟུར་པ་ལུའུ་པིན། ཉོ་ཚོང་འཐུས་ཚབ་ཟུར་པ་ཞིར་སི། གྲོས་ཁང་གོང་མའི་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཟུར་པ་ནཱ་ཨེན། ཙུང་ཐུང་ཟུར་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཟུར་པ་ཧ་ཏེ་ལི་དང་ཏུའོ་ཉི་ལུན་ལ་སོགས་པའི་ཨ་རིའི་ཕྱོགས་ཀྱི་འཐུབ་ཚབ་ལ་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་བསྟན་པར། མཇུག་བསྒྲིལ་མ་ཐག་པའི་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་རེད། ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལ་ཀྲུང་གོ་ཡིས་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་འབྱེད། ལོངས་སུ་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་བསམ་གཞིགས་ལག་ལེན་མཐར་ཕྱིན་བསྟར་རྒྱུ་ཡིན་པ་དང་། མུ་མཐུད་དེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ་སྒོ་འབྱེད་འཕེལ་རྒྱས་མཐའ་འཁྱོངས་དང་། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་དཔལ་འབྱོར་དུ་གཏིང་ཟབ་པོ་ཞུགས་པའི་འཕེལ་ཕྱོགས་དང་བསྟུན་ཞིང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་ལེན་བསྟར་ནས་སྔར་ལས་རིམ་པ་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཡིན། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་འགོད་དང་ལག་ལེན་དངོས་སུ་བསྟར་བ་དེས་ཀྲུང་གོའི་དཔལ་འབྱོར་སྔར་ལས་ཆུ་ཚད་མཐོ་བའི་ཐོག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པར་ཡིས་ཆེས་བྱེད་ཀྱི་ཡོད། དེས་ཀྲུང་ཨ་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་བག་ཉལ་སྟོབས་ཤུགས་སྔོག་འདོན་དང་། མཉམ་ལས་བྱེད་རྒྱ་རྒྱ་སྐྱེད་གཏོང་བར་གོ་སྐབས་སྔར་ལས་མང་བ་འདོན་སྤྲོད་བྱེད་རྒྱུ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཨའི་“གཞུང་ཕྱོགས་མིན་པའི་”གླེང་མོལ་བྱེད་སྒོའི་དགེ་མཚན་ལྡན་པའི་དོན་སྙིང་ཁས་ལེན་གང་ལེགས་གནང་བ་དང་། ཅི་ཞིན་ཀེ་སོགས་ཨ་རིའི་ཕྱོགས་ཀྱི་འཐུས་ཚབ་ཚོས་རྒྱལ་ཁབ་གཉིས་བར་ཕན་ཚུན་རྒྱུས་ལོ་སྔར་ལས་ཟབ་མོ་ཡོང་བ་དང་ཀྲུང་ཨའི་བར་གྱི་འབྲེལ་བ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གནང་བར་བསྟོད་ར་གནང་བ་མ་ཟད། ཁོང་ཚོས་མུ་མཐུད་དེ་ཀྲུང་ཨའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཐབས་འདོན་ཇུས་འབུལ་དང་རོགས་སྐྱོར་འབོད་སྐུལ་གནང་སྟེ་ལེགས་སྐྱེས་གསར་པ་འབུལ་བར་བསྔགས་སྐུལ་གནང་བ་རེད།
         ཅི་ཞིན་ཀེ་སོགས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་བར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཐེངས་འདིའི་འཚམས་འདྲི་གནང་བ་ལས་ཨ་རིའི་རྒྱལ་ནང་དུ་དགེ་མཚན་ལྡན་པའི་ཚུར་སྣང་ལན་ཆ་རྒྱ་ཆེན་པོ་བྱུང་བ་རེད། ཨ་ཀྲུང་“གཞུང་ཕྱོགས་མིན་པའི་”གླེང་མོལ་གྱིས་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་འབྲེལ་བ་ཆེན་པོ་ཡོད་པའི་གནད་དོན་གལ་ཆེན་སྐོར་དཔྱད་བསྡུར་གཏིང་ཟབ་པོ་བྱེད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་ལ་གྲོས་འགོ་འདོན་པར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ང་ཚོས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཀྱི་དགོངས་དོན་ལ་བརྟེན་ནས་ཕྱོགས་གཉིས་བར་གྱི་འབྲེལ་བ་འཛུགས་སྐྱོང་བྱས་ཏེ་ཧུར་བརྩོན་ཆེན་པོས་འཐབ་ཇུས་ཀྱི་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་བསམ་ཤེས་བྱེད་ཚད་ཇེ་ཟབ་བཏང་སྟེ་ཕྱོགས་གཉིས་བར་གྱི་མཉམ་ལས་ལ་སྐུལ་སྤེལ་གཏོང་དགོས་པ་མ་ཟད། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཁྲོད་ཀྱི་དགེ་མཚན་མེད་པའི་རྒྱུ་རྐྱེན་ཇེ་ཆེར་མི་འགྲོ་བ་ཡང་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་ཙི་ཀོང་ཀོ་རུ་ཨ་རིའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀེ་ལ་མཇལ་འཕྲད་གནང་བ་རེད།