མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཧྲོའར་དུ་ཧན་གོར་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་ཧྲོའར་དུ་ཧན་གོར་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།

         མི་དམངས་དྲ་བའི་འཕྲིན། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་ཡི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཉིན་དགུང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཧྲོའར་ཁྲེང་ནན་གནམ་ཐང་དུ་ཕེབས་འབྱོར་ཟིན་ཏེ་ཧན་གོར་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ་རེད།
         ཙུང་ལི་ལི་ཁེ་ཆང་གནམ་གྲུ་ནས་དོན་ཕེབས་སྐབས་གུས་དམག་གིས་ས་གདན་དམར་པོའི་གཡས་གཡོན་དུ་ལངས་ནས་མིག་གིས་གུས་སྐྱེལ་ཞུས་པ་དང་ཧན་གོའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གནམ་ཐང་དུ་ཕེབས་སྒུག་ཞུས་ནས་བསྡད་ཡོད། ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆིའུ་གོ་ཧུང་ཡང་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་ཡོད།
         ལི་ཁེ་ཆང་གིས་ད་ཐེངས་ནི་ང་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བྱས་རྗེས་ཧན་གོར་དངོས་སུ་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན། ད་ཐེངས་ཧན་གོའི་འགོ་ཁྲིད་པ་དང་ཀྲུང་ཧན་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་ལ་ཁྱོན་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་བསམ་འཆར་བརྗེ་རེས་བྱེད་པ། ཧན་གོའི་ལས་རིགས་ཁག་དང་རྒྱ་ཁྱབ་ངང་སྤེལ་རེས་བཅས་བྱེད་རྩིས་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་དེ་མཛའ་མཐུན་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་བ། སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་མཉམ་ལས་བཅས་བྱས་ཏེ་ཀྲུང་ཧན་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་གཉིས་ཕན་དངོས་སྒྲུབ་ཀྱི་མཉམ་ལས་དེ་བས་ཟབ་ཏུ་འགྲོ་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་གསུངས་པ་རེད།
         འཚམས་འདྲི་གནང་རིང་ལི་ཁེ་ཆང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་དང་གྲོས་མོལ་གནང་རྒྱུ་དང་། ཕྱོགས་གཉིས་པོའི་མཉམ་ལས་སྐོར་གྱི་ཡིག་ཆར་མིང་རྟགས་འགོད་རྒྱུར་མཉམ་དུ་དཔང་པོ་གནང་རྒྱུ། ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཀྲེན་དབྱི་ཧོ་དང་རྒྱལ་དོན་ཙུང་ལི་ཧོང་ཅའོ་ཨན་དང་དེ་བཞིན་ཧན་གོའི་ཁེ་ལས་གཙོ་བོའི་འགན་འཁུར་བ་དང་མཇལ་འཛོམས་གནང་རྒྱུ། ཧན་གོའི་དཔལ་འབྱོར་ལས་རིགས་ལ་གཏམ་བཤད་གལ་ཆེན་གནང་རྒྱུ། ཅིང་ཅི་ཏའོ་གསར་གཏོད་དཔལ་འབྱོར་གསར་བཅོས་ལྟེ་གནས་ལ་གཟིགས་སྐོར་གནང་རྒྱུ། “ཀྲུང་གོའི་ཡུལ་སྐོར་ལོའི”བྱེད་སྒོ་དང་ཀྲུང་ཧན་གཞོན་ཞུའི་འགོ་ཁྲིད་པའི་གླེང་སྟེགས་ལ་ཞུགས་རྒྱུ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་རྒྱུ་ཡིན་པ་རེད།