མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་01ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་སྐོར་ལ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་པ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན། ཀྲུང་གོའི་དམངས་གཙོའི་རྒྱལ་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཁྲང་ཀྲི། ཀྲུང་གོ་དམངས་གཙོ་སྐུལ་སྤེལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅོན་ཆི། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏེ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་ཝུན་དབྱི། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཆིང་མིན། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི་ལིན་དབྱི་ཕུའུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་བྱས་པ་རེད། ཁོང་ཚོས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་བསམ་གཞིག་ལ་མོས་མཐུན་བྱས་པ་དང་འབྲེལ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པས་སྣེ་ཁྲིད་བྱེད་པ་དང་། འཕེལ་རྒྱས་ཀྱི་དམིགས་ཚད་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། བརྟན་པོའི་ངང་འཕར་བའི་སྔོན་དཔག གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་མངོན་གསལ་དུ་འཇོག་པ། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ། “ཞིང་གསུམ”ལས་དོན་དང་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པ། འབྲུ་རིགས་བདེ་འཇགས་ཀྱི་འཐབ་ཇུས་འཐུས་ཚང་དུ་གཏོང་བ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་མ་གཏོང་བ། གྲོང་རྡལ་ཅན་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། སྲིད་གཞུང་གི་བཅོས་སྐྱོང་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པ། ཆེད་ལས་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་འབོར་ན་རྒས་ཅན་དུ་འགྱུར་བའི་གནད་དོན་ལ་སྣང་ཆེན་བྱེད་པ། སྐྱོན་བྲལ་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གནོད་མེད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པ་སོགས་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
     ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཚང་མས་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་གནང་བ་དེས་ཡིག་ཆ་འཆར་ཟིན་ཡག་པོ་བཟོ་བར་ཕན་ཐོགས་ཆེན་པོ་ཡོད་པས་ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་གྲོས་འགོའི་འཆར་ཟིན་བཟོ་བའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་འབྲེལ་གྲོས་འགོའི་འཆར་ཟིན་བཟོ་སྐབས་ནུས་ཤུགས་ཡོད་རྒུས་གཤམ་གསལ་གྱི་རྩ་དོན་ཁོང་དུ་ཆུད་པ་བྱས་ཡོད། གཅིག་ནས་དམིགས་ཚད་ཀྱི་ཕྱོགས་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ནས་ཕྱིར་བཤོལ་བྱས་ཏེ་དུས་ཚོད་དུ་སླེབས་སྐབས་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ལས་འགན་གསལ་བཟོ་བྱས་ཡོད་ལ་ཁ་ཚ་དགོས་གཏུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་བསྟུན་ནས་དཀའ་གནད་ཐག་གཅོད་བྱེད་པའི་ཐབས་ལམ་དང་བྱེད་ཐབས་ཀྱང་གསལ་བཟོ་བྱས་ཡོད། གཉིས་ནས་རྒྱལ་ནང་དུ་གཞི་ཚུགས་རྒྱུ་དང་གོ་ལ་ཧྲིལ་པོའི་མཐོང་རྒྱ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱ་ཐབས་གསར་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་མཐུན་པ་དང་སྣེ་ཁྲིད་ཧུར་ཐག་བྱས་ཡོད་ལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འབྲེལ་བའི་ཁྲོད་ནས་ཀྱང་འཆར་འགོད་བྱས་ཡོད། གསུམ་ནས་ཕྱོགས་ཡོངས་ནས་འཆར་འགོད་དང་གཙོ་གནད་མངོན་གསལ་དུ་འཇོག་པ་དེ་མཐུན་སྦྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོན་བཅུད་ཤེས་དཔལ་འཛུགས་སྐྱོང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ། རྒྱལ་སྲུང་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དམིགས་ཡོད་ལ་ལྷུ་ལག་ཞན་ས་དང་རྗེས་སུ་ལུས་པའི་ཁྱབ་ཁོངས་མངོན་གསལ་དུ་བཞག་ཡོད། བཞི་ནས་འཐབ་ཇུས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཆར་འགོད་ཀྱི་སྤྱི་ཁོག་རང་བཞིན་དང་། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ནན་བཤད་བྱས་ཡོད་ལ་འཆར་འགོད་ཀྱི་ཚོད་འཛིན་ནུས་པ་དང་བཀོལ་སྤྱོད་ཐུབ་པ་དང་། ཞིབ་བཤེར་ཐུབ་པ། དཔྱད་དཔོག་བྱེད་སླ་བ་བཅས་མངོན་གསལ་དུ་བཞག་པ་བཅས་རེད། འཆར་འགོད་ནང་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་མངོན་གསལ་དུ་འཇོག་པ་དང་། རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱེད་པ། ཚན་རིག་དང་མཐུན་པའི་ངང་སླད་ཕྱིན་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་ནང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་འགྱུར་ཚད་ལ་སྔོན་དཔག་བཅས་བྱས་ཏེ་བཏོན་པའི་དམིགས་ཚད་དང་བྱ་ཐབས་ནི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་མཐུན་ཐུབ་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྣེ་ཁྲིད་ཐུབ་པའི་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་འདི་ཉིད་འཕེལ་རྒྱས་གཏོང་བར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་གནས་པ་དེའི་ནང་ཆེས་གཙོ་བོ་ནི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པ་བྱ་རྒྱུ་དེ་རེད། རྒྱུན་རྣམ་གསར་པའི་འོག་རང་རྒྱལ་འདི་ཉིད་འཕེལ་རྒྱས་གཏོང་བའི་ཁོར་ཡུག་དང་། ཆ་རྐྱེན། ལས་འགན། བླང་བྱ་སོགས་ཀྱི་ཐད་འགྱུར་ལྡོག་གསར་པ་བྱུང་ཡོད། རྒྱུན་རྣམ་གསར་པ་དང་མཐུན་པ་དང་། རྒྱུན་རྣམ་གསར་པ་ཁོང་དུ་ཆུད་པ། རྒྱུན་རྣམ་གསར་པས་སྣེ་ཁྲིད་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་ཡང་དག་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱིས་རང་རེའི་ཁོངས་མི་དང་འབྲེལ་བ་བྱེད་སའི་མང་ཚོགས་ཀྱི་སྣེ་ཁྲིད་ཧུར་ཐག་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དུས་བབ་དབྱེ་ཞིབ་དང་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བསམ་བློ་གཅིག་ཏུ་གཏོང་བ་དང་ནུས་པ་གཅིག་ཏུ་འདོན་སྤེལ་གྱིས་རང་རེའི་ཁོངས་མི་དང་འབྲེལ་བ་བྱེད་སའི་མང་ཚོགས་ཀྱི་བསམ་འཆར་ཉན་རྒྱུར་སྣང་ཆེན་དང་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གི་རེ་ཞུ་མཚོན་པ་བྱ་རྒྱུར་སྣང་ཆེན་བྱས་ནས་ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་སྔར་བས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།