མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧོ་ལན་གྱི་རྒྱལ་པོ་ཝུའེ་ལན་ཡ་ལི་ཧྲན་ཏ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་28ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧོ་ལན་གྱི་རྒྱལ་པོ་ཝུའེ་ལན་ཡ་ལི་ཧྲན་ཏ་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧོ་ལན་གྱི་རྒྱལ་པོ་ཝུའེ་ལན་ཡ་ལི་ཧྲན་ཏ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་ཧོ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་གདེང་འཇོག་གནང་ནས་མཉམ་ལས་གཉིས་ཁེའི་ཡང་དག་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་སྒོ་དབྱེ་དོན་གཉེར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱ་སྟོབས་ཆེ་རུ་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུའི་མོས་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཉེ་ལམ་ལོ་ཤས་རིང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཧོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་ཡོད། ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཁེ་ཡོང་བ་བྱེད་རྒྱུ་དེ་བརྗོད་དོན་གཙོ་བོར་གྱུར་ཡོད། ང་ཚོས་མཉམ་དུ་གཏན་འཁེལ་བྱས་པའི་སྒོ་དབྱེ་དོན་གཉེར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་གཏོད་རྒྱུ་བརྟན་པོ་བྱུང་ཡོད། ཀྲུང་ཧོ་རྒྱལ་ཁབ་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཀྱི་དམིགས་ཚད་བཏོད་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཁྱོན་ཡོངས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་ཧོ་ཕྱོགས་གཉིས་པོས་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་འཛིན་ཁྱབ་ཁོངས་སུ་མཉམ་ལས་བྱེད་འདོད་ཡོད་ལ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་གནད་དོན་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་འདོད་ཀྱང་ཡོད། ཕྱོགས་གཉིས་པོས་གཏིང་ཤུགས་སྔོག་འདོན་དང་ཚོང་དོན་དང་མ་འཇོག་ལ་སྟབས་བདེ་བསྐྲུན་རྒྱུར་ཤུགས་སྣོན་གྱིས་ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་གཉིས་པོས་ད་དུང་ཆུ་བེད་དང་ཞིང་འབྲོག་ལས་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་གཏིང་ཟབ་ཀྱི་སྒོ་ནས་མཉམ་ལས་བྱས་ཏེ་བཟོ་སྐྲུན་རྩེར་སོན་དང་། མཁའ་འགྲུལ་མཁའ་སྤྱོད། སྐྱེ་དངོས་གསོ་རིག ནུས་རྒྱུ་གསར་པ། རིག་ལྡན་གྲོང་ཁྱེར། “དྲ་སྦྲེལ+”ཕྱོགས་ག་པའི་ཁྲོམ་རའི་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཐོན་ལས་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་པ། དངུལ་ཁང་དང་འགན་བཅོལ་སོགས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་མཉམ་ལས་གཏིང་ཟབ་བྱེད་པ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་ཐབས་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་གོང་འཕེལ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱེད་དགོས། ཀྲུང་ཧོ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་ཕན་ཚུན་འབྲེལ་མཐུད་ཐུབ་པས“རྒྱུད་གཅིག་ལམ་གཅིག”ཐད་མཉམ་ལས་བྱེད་པར་ཐུན་མིན་ལེགས་ཆ་ལྡན་ཡོད། ཕྱོགས་གཉིས་པོས་མཚོ་ཐོག་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་མཉམ་ལས་ལེགས་ཆ་འདོན་སྤེལ་གྱིས་ལྕགས་ལམ་དང་མཁའ་འགྲུལ་སྐྱེལ་འདྲེན་བྱ་ཤུགས་ཆེ་རུ་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་དང་ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་སྐམ་སའི་ཕན་ཚུན་འབྲེལ་མཐུད་འཕེལ་རྒྱས་ཆེད་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དེ་ཉིད་ཕྱོགས་ཁག་ལ་གཉིས་ཁེ་གཉིས་ཕན་ཡོང་བ་དང་ཆེད་ལས་ནུས་ཆེའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་བསྡུ་སྒྲིལ་སྟེགས་བུ་ཞིག་ཏུ་བསྐྲུན་འདོད་ཡོད། ཕྱོགས་གཉིས་པོས་དེ་བས་ཕུན་སུམ་ཚོགས་ལ་འཁྲུག་ཆ་དོད་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དོམ་ཁྲ་སྲུང་སྐྱོང་དང་། རྟེན་རྫས་བཤམས་མཛོད་ཁང་དོ་དམ། རིག་གནས་གསར་གཏོད། གློག་བརྙན་བརྙན་འཕྲིན། སློབ་གསོ། ལུས་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་ཧོ་ལན་ཕྱོགས་དང་སྤེལ་རེས་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཡོ་རོབ་མནའ་འབྲེལ་ལ་མཐོང་ཆེན་བྱེད་པ་དང་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བརྟན་པོ་དང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་མཉམ་ལས་བྱས་ནས་སྐྱབས་བཅོལ་ཡུལ་མིའི་ཉམས་ཉེན་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཕྱི་ལོའི་ལོ་སྟོད་དུ་ཧོ་ལན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན་པས་ཧོ་ལན་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གྱིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་སྤྱི་ཡོངས་ཀྱི་འབྲེལ་བ་མདུན་ཕྱོགས་སུ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         རྒྱལ་པོ་ཝུའེ་ལན་ཡ་ལི་ཧྲན་ཏ་ཡིས་ཧོ་ལན་དང་ཀྲུང་གོའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་ནི་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཧོ་ལན་གྱི་ཨེ་ཤེ་ཡའི་མནའ་མཐུན་རྒྱལ་ཁབ་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་མོད། འོན་ཀྱང་དུས་བབ་གསར་པའི་འོག་ཞིང་ལས་དང་། འབྲོག་ལས། ཆུ་བེད། དངུལ་རྩ། ཁྲིམས་སྐྱོང་སོགས་སུ་གཉིས་ཁེ་མཉམ་ལས་གཏིང་ཟབ་སྤེལ་ཆོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་དང་། རྒྱུན་མཐུད་གོང་འཕེལ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་སྤེལ་རེས་མཐུན་སྦྱོར་དམ་ཟབ་བྱེད་ཆོག་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འཛུགས་རྒྱུའི་གྲོས་འགོར་དོན་སྙིང་གལ་ཆེན་ལྡན་ཡོད། ཧོ་ལན་ཕྱོགས་ཀྱིས་འབྲེལ་ཡོད་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་འཆར་འགོད་དང་ཡོ་རོབ་མ་འཇོག་འཆར་གཞི་འབྲེལ་མཐུད་མཉམ་ལས་ནང་ཞུགས་འདོད་ཡོད། ཧོ་ལན་ཕྱོགས་ཀྱིས་སློབ་གསོ་དང་ལུས་རྩལ་སོགས་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་མོས་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ཐད་མོས་མཐུན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧོ་ལན་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་ཤུགས་སྣོན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རིང་རང་མོས་ཚོང་དོན་དང་མི་སྣ་འགྲོ་འོང་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།