མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་རི་ཀྲུང་ཧན་བཅས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་དྲུག་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལི་ཁེ་ཆང་རི་ཀྲུང་ཧན་བཅས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་དྲུག་པར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་དྲུག་པ་ས་གནས་དེ་གའི་དུས་ཚོད་ཟླ་11ཚེ་1ཉིན་གྱི་ཕྱི་དྲོ་ཧྲོའར་དུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་ཕེའོ་ཅིན་ཧུའེ་ཡིས་གཙོ་སྐྱོང་གནང་བ་རེད། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་མི་སྣས་ཀྲུང་རི་ཧན་བཅས་ཀྱི་མཉམ་ལས་ལ་ཕྱིར་དྲན་དང་རྒྱང་ལྟ་གནང་བ་དང་འབྲེལ་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་ཀྱང་གནང་བ་རེད།
         ལི་ཁེ་ཆང་གིས་ཀྲུང་རི་ཧན་བཅས་ནི་སྐམ་མཚོ་གཉིས་ཀའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ་ཨེ་ཤེ་ཡ་ཤར་མའི་རིག་གནས་ཁྱབ་ཁོངས་སུ་གཏོགས་པ་དང་ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་སྒྲིག་གཞི་ཆེན་པོ་གསུམ་ཡང་ཡིན་པས་ས་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ཤུགས་རྐྱེན་གལ་ཆེན་ལྡན་ཡོད། རྒྱལ་ཁབ་གསུམ་གྱི་དམངས་ཁྲོད་དབར་གྱི་འགྲོ་འོང་དང་དངོས་གཉེར་མཉམ་ལས་ཀྱི་འདུན་པ་ཆེ་བ་དང་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་ནི་སྔར་བཞིན་གཙོ་བོ་ཡིན། ཀྲུང་རི་ཧན་བཅས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུའི་ལམ་སྲོལ་ལོ་གསུམ་ཆད་ནས་སླར་ཡང་འཚོགས་པ་དེ་ནི་ལས་སླ་པོར་བྱུང་བ་ཞིག་མིན། མིག་སྔར་གོ་ལའི་དཔལ་འབྱོར་སླར་གསོའི་ནུས་པ་ཞན་པ་དང་། གསར་དར་དཔལ་འབྱོར་གྱི་སྒྲིག་གཞིར་དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་འཕྲད་པ། ཨེ་ཤེ་ཡའི་དཔལ་འབྱོར་གྱི་མདུན་ལམ་དེ་འཛམ་གླིང་གི་དོ་ཁུར་མདོ་གནས་སུ་གྱུར་པ་བཅས་ཀྱི་རྒྱབ་ལྗོངས་འོག་ཀྲུང་རི་ཧན་བཅས་ཀྱིས་གྲུབ་ཆའི་སྒྱུར་བཅོས་ལ་སྐུལ་འདེད་དང་། གསར་གཏོད་མཉམ་འགུལ་ལ་ཤུགས་སྣོན། ཕན་ཚུན་སྒོ་མོ་འབྱེད་རྒྱ་ཆེར་གཏོང་བཅས་ཀྱི་ལས་དོན་ལ་ཐུན་མོང་ཐོག་གཞོལ་བ་དང་མཉམ་ལས་དམ་ཟབ་ཀྱི་ཐོག་ནས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་རིམ་འཕར་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་ཤར་མ་དང་ཐ་ན་ཨེ་ཤེ་ཡའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཀྲུང་རི་ཧན་བཅས་ཀྱི་མཉམ་ལས་ཐད་ཞིབ་ཕྲའི་གྲོས་འགོ་བཏོན་པ་སྟེ། གཅིག་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་ནི་རང་སོའི་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་སྤྱིའི་ཐོན་ནུས་ཐད་མཉམ་ལས་བྱེད་དགོས་པ། གསུམ་ནི་ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་ས་ཁུལ་གྱི་དངུལ་རྩ་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་པ། བཞི་ནི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། ལྔ་ནི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཚོགས་ལ་དེ་བས་བདེ་སྐྱིད་སྐྲུན་དགོས་པ། དྲུག་ནི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་ཤར་མའི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས་པ་བཅས་ཡིན།
         ལི་ཁེ་ཆང་གིས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡི་སྟེགས་བུ་གལ་ཆེན་འདོན་སྤེལ་ཡག་པོ་བྱས་ཏེ་དྲུང་ཡིག་ཁྲུའུ་ལ་མ་རྩ་གཏོང་ཤུགས་ཆེ་རུ་བཏང་ནས་ཀྲུང་རི་ཧན་བཅས་ཀྱི་མཉམ་ལས་ཐེབས་རྩ་འཛུགས་རྒྱུར་ཞིབ་འཇུག་ཧུར་ཐག་བྱས་ནས་མཉམ་ལས་ཟབ་ཏུ་གཏོང་རྒྱུར་གསོན་ཤུགས་གསར་པ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཨེ་ཤེ་ཡ་བྱང་ཤར་ཁུལ་གྱི་དུས་བབ་སྐོར་གླེང་སྐབས་ལི་ཁེ་ཆང་གིས་འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བའི་ལོ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཞིག་ཀྱང་ཡིན། ཨེ་ཤེ་ཡ་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་དེ་ས་ཁུལ་དང་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་ཤར་མའི་ཞི་བདེ་བརྟན་ལྷིང་གི་སྟོབས་ཤུགས་ཤིག་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་བདེ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དེ་གླེང་མོལ་དང་དབྱེ་འབྱེད་གྲོས་མོལ་གྱི་བྱེད་ཐབས་མཐའ་འཁྱོངས་དང་ཞི་གྲོས་མཉམ་ལས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཨེ་ཤེ་ཡ་ཤར་བྱང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཐུན་མོང་ཐོག་གཞོལ་རྒྱུ་ཡིན། ཞི་བདེ་ནི་མི་ཡུལ་གྱི་ཡང་དག་པའི་འགྲོ་ལམ་ཡིན། ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་ཚེ། གཞི་ནས་འབྱུང་འགྱུར་ལ་ཕྱོགས་ཐུབ། རི་པིན་གྱིས་རང་ཉིད་རྒྱལ་ཁབ་ཀྱི་མི་དམངས་ཀྱི་འདུན་པ་དང་ཨེ་ཤེ་ཡ་ས་ཁུལ་རྒྱལ་ཁབ་ཁག་གི་ཐུན་མོང་འབོད་སྒྲ་དང་བསྟུན་ནས་ཞི་བདེ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྲུང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཕེའོ་ཅིན་ཧུའེ་ཡིས་ཧན་ཀྲུང་རི་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་བསྐྱར་དུ་འཚོགས་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གསུམ་པོའི་རྒྱལ་དམངས་ཀྱི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པ་མ་ཟད། ཨེ་ཤེ་ཡ་ཤར་བྱང་ས་ཁུལ་གྱི་བརྟན་ལྷིང་དང་གྲ་རྒྱས་ལའང་ཕན་པ་ཡོད། རྒྱལ་ཁབ་གསུམ་གྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབྱུང་འགྱུར་ལ་ཕྱོགས་པའི་ཡང་དག་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་ངོས་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ཨེ་ཤེ་ཡ་ཤར་བྱང་གི་ཞི་བདེ་བདེ་འཇགས་ཀྱི་དུས་རབས་གསར་པ་གཏོད་པ་དང་། མཉམ་དུ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་དཀའ་ངལ་ལ་ཁ་གཏད་གཅོག་པ་དང་། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་གྱི་སྒྲིག་གཞི་གསར་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་མཉམ་ལས་ཀྱི་འཕར་གནས་གསར་པ་སྔོག་འདོན། དཔལ་འབྱོར་དང་སྤྱི་ཚོགས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་2030ལོ་བར་གྱི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་རིམ་དོན་འཁྱོལ་ཡག་པོ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་སྣའི་དབར་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སློབ་གསོ་དང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གསུམ་གྱི་རྒྱལ་དམངས་དབར་གྱི་བརྩེ་དུང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་ཐོག་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ། རྒྱལ་ཁབ་གསུམ་གྱི་མཉམ་ལས་ནི་ས་ཁོངས་མཉམ་ལས་ཀྱི་ལམ་སྲོལ་གལ་ཆེན་ཡིན་པས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལམ་སྲོལ་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཨན་པེ་ཅིན་སན་གྱིས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་མི་སྣའི་ཚོགས་འདུའི་ལམ་སྲོལ་སླར་ཡང་འགོ་ཚུགས་པར་དགའ་བསུ་ཞུས་པ་དང་འབྲེལ་རི་པིན་གྱིས་ལོ་རྒྱུས་གནད་དོན་སྐོར་གྱི་སྐབས་རིམ་བྱུང་གི་ནང་བློན་ཁང་གི་ངོས་འཛིན་མཐའ་འཁྱོངས་བྱས་ནས་ཞི་བདེ་དང་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།