མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་
འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་
འགོ་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་05ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་10ཚེས་29ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ་》གོང་ཚེས་ཉིན་ཡོངས་བསྒྲགས་པར་འགྲེམས་བྱས་པ་རེད།
         《གྲོས་འགོའི་》ནང་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དེ་ནི་རང་རེའི་ཏང་གིས་གཏན་ལ་འཁེལ་བའི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་པས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དེ་ངེས་པར་དུ་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམ་པོར་དམིགས་ནས་བཟོ་དགོས།
         ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཏེ་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་ཆ་རྐྱེན་གང་ལེགས་ལྡན་ཡོད་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཡང་འཕྲད་རྒྱུ་ཡིན་་པས་ངེས་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བཏིང་བའི་རྨང་གཞི་བརྟན་པོའི་ཐོག་ཡིད་ཆེས་བརྟན་དུ་གཏོང་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། འབད་འབུངས་སྟོབས་བརྩོན་བཅས་བྱེད་དགོས་པའི་ངོས་འཛིན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཞིབ་འཇུག་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་རྒྱུའི་ཐད་གྲོས་འགོ་བཏོན་ཡོད་ཅེས་བསྟན་ཡོད།
         《གྲོས་འགོའི་》ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་དུས་བབ་དང་མཛུབ་ཁྲིད་ཀྱི་བསམ་བློ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་གཞི་རྩའི་འདུ་ཤེས། གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དོ་སྙོམས་འཕེལ་རྒྱས་ཀྱི་གྲུབ་ཚུལ་ཆགས་རྒྱུར་ཤུགས་རྒྱག་རྒྱུ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མཉམ་ལས་གཉིས་ཕན་མངོན་འགྱུར་བྱ་བར་ཤུགས་རྒྱག་རྒྱུ། མཉམ་སྤྱོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མངོན་འགྱུར་ཡོང་ཆེད་འགྱུར་མེད་སྟོབས་ལྡན་འགན་ལེན་ཡོང་བ་བྱེད་དགོས་པ་བཅས་ཕྱོགས་བརྒྱད་ཀྱི་ནང་དོན་ཚུད་ཡོད་པ་རེད།