མི་དམངས་དྲ་བ།

༄༅།།གནད་དོན་ལ་དམིགས་ནས་སློབ་སྦྱོང་དང་གནད་དོན་ལ་དམིགས་ནས་དག་ཐེར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།
         གནད་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད། ཏང་ཡོངས་སུ་སྤེལ་རྒྱུའི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་གྲུབ་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱེད་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བླང་བྱར་གཞིགས་ནས“གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་དང་། སློབ་སྦྱོང་བྱེད་པར་གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ། ལས་དོན་སྒྲུབ་པར་གནད་དོན་ལ་དམིགས་ནས་དག་ཐེར་བྱེད་པ”བཅས་བྱས་ཏེ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་དགོས།
         ཉེ་བའི་ལོས་ཤས་རིང་། རང་རེའི་ཏང་གིས་སྤྱོད་ཚུལ་ལ་དམ་འཛིན་བྱེད་རྒྱུ་དང་། སྒྲིག་ལམ་ནན་དུ་གཏོང་རྒྱུ། ལམ་ལུགས་ཤུགས་ཆེར་གཏོང་རྒྱུ་བཅས་ལ་གཅིག་སྡུད་ཐོག་ཤུགས་བརྒྱབ་པས། ཏང་ཡོན་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། འོན་ཀྱང་ཏང་ཡོན་དཔུང་ཁག་ཁྲོད་ཟབ་ཟོབ་ཐར་ཐོར་དང་མིང་དོན་མི་མཚུངས་པའི་གནས་ཚུལ་ད་དུང་ཚད་གཞི་མི་འདྲ་བའི་སྒོ་ནས་ལྷག་པ་དང་། ཏང་ཡོན་གྱི་འདུ་ཤེས་ཞན་པ་དང་། ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཞན་པ་སོགས་ཀྱི་གནད་དོན་རེ་གཉིས་ཙམ་མིན། ཏང་ནང་ཁུལ་གྱི་རྩ་འཛུགས་ཀྱི་འཚོ་བ་ནན་པོ་མེད་པ་དང་། ནན་ཏན་མེད་པ། རྒྱུན་གཏན་མིན་པ་བཅས་ཀྱི་གནད་དོན་དག་ད་དུང་ཐག་གཅོད་ཡག་པོ་བྱུང་མེད་པ་དང་། ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ཐད་ད་དུང་དག་ཐེར་དང་འཐུས་སྒོ་ཚང་དུ་བཏང་མེད་པས། ཉམས་ཞན་ཐར་ཐོར་གྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱ་རྒྱུར་ད་དུང་ཤུགས་སྣོན་རྒྱག་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུ་ནི་གནད་དོན་ཐག་གཅོད་བྱ་ཆེད་རེད། གལ་སྲིད་གནད་དོན་ཐག་གཅོད་མ་བྱས་ཚེ་ཕྱི་ཚུལ་དང་རྣམ་པ་ཙམ་ཞིག་ཏུ་འགྱུར་ངེས་རེད། སློབ་སྦྱོང་སློབ་གསོའི་ལས་དོན་ལ་དངོས་ཕན་ཐོབ་མིན་གྱི་འགག་རྩ་ནི་གནད་དོན་ཐག་གཅོད་ཇི་ལྟར་བྱས་མིན་ལ་ལྟ་དགོས།
         གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱས་ཚེ་གཞི་ནས་སློབ་སྦྱོང་སྔར་བས་གཏིང་ཟབ་བྱེད་ཐུབ་པ་དང་། གནད་དོན་ལ་དམིགས་ནས་དག་ཐེར་བྱས་ཚེ་གཞི་ནས་དག་ཐེར་མཐར་ཕྱིན་བྱེད་ཐུབ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”ལ་ཆ་མཚོན་ན། གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་པ་ནི་ཞིབ་ཕྲའི་གནད་དོན་རེད། ཀྲུང་དབྱང་གིས་པར་འགྲེམས་བྱས་པའི་སློབ་སྦྱོང་སློབ་གསོའི་ཇུས་གཞི་དེ“ཤུགས་རྒྱག་ས་ལྔ”ལ་བརྟེན་ནས་ཕྱོགས་བསྡུས་བྱས་ཡོད། ཀྲུང་དབྱང་རྩ་འཛུགས་པུས་པར་འགྲེམས་བྱས་པའི་སློབ་སྦྱོང་བཀོད་སྒྲིག་གི་ཞིབ་ཕྲའི་ཇུས་གཞི་དེས་ཏང་ཡོན་ཡོངས་དང་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་གཙོ་གནད་ཐོག་གནད་དོན་ཐག་གཅོད་བྱེད་དགོས་ལུགས་གཏན་འཁེལ་གསལ་པོ་བྱས་ཡོད། ཏང་ཡོན་དང་ལས་བྱེད་པ་མི་རེ་ངོ་རེར་ཆ་མཚོན་ན། གནད་དོན་དེ་དག་སྤྱིའི་ཆ་ནས་ཕྱོགས་བསྡུས་བྱས་པ་ཞིག་རེད། གནད་དོན་དེ་ཐག་གཅོད་བྱེད་པར་ད་དུང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སླར་ཡང་ལྟ་བསྡུར་བྱེད་པ་དང་སླར་ཡང་ཞིབ་ཚགས་སུ་གཏོང་དགོས། དེ་ལྟར་བྱས་ཚེ་གནད་སྨིན་དང་འབེན་ཡོད་སར་མདའ་འཕེན་པ་ལྟར་གནད་དོན་ཐག་གཅོད་བྱེད་ཐུབ། རང་ངོས་ལ་ལྷག་པའི་ཞིབ་ཕྲའི་གནད་དོན་ལ་དམིགས་ནས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དང་། གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་ཚེ་བསམ་བློའི་སྒྲོག་གུ་རྒྱུན་ཆད་མེད་པར་གྲོལ་ཐུབ་པ་དང་ངོས་འཛིན་གྱི་ཧེ་བག་ཡོ་བསྲང་བྱེད་ཐུབ། རང་ངོས་ཀྱི་གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་ཀྱིན་དུ་དག་ཐེར་བྱེད་པ་དང་ཤེས་མ་ཐག་དག་ཐེར་བྱེད་པ་དང་། ཞིབ་ཕྲའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ། ཞིབ་ཕྲའི་ལས་དོན་རེ་རེ་བཞིན་ཡག་པོ་སྒྲུབ་པ་བཅས་བྱས་ཚེ་རང་ངོས་འཐུས་ཚང་དུ་གཏོང་རྒྱུ་དང་རང་ངོས་མཐོར་གཏོང་བྱ་རྒྱུ་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་ཐུབ།
         སློབ་སྦྱོང་ཇི་ལྟར་བྱས་མིན་དང་གནད་དོན་ཐག་གཅོད་ཇི་ལྟར་བྱས་མིན་གྱི་ཆེས་འགག་རྩ་ནི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཡོད་མེད་དང་། ཏང་ཀྲུང་དབྱང་གིས་དར་སྤེལ་གང་ཞིག་བཏང་བ་དེ་དག་ལག་བསྟར་ནན་ཏན་བྱས་ཡོད་མེད། ཏང་ཀྲུང་དབྱང་གིས་བཀག་སྡོམ་གང་བྱས་པ་དེ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད་མེད། “མིག་ལྟོས་མ་བྱས་པ”དང“མིག་ལྟོས་མ་བྱུང་བའི”གནད་དོན་ཐག་གཅོད་ཡག་པོ་ཏན་ཏིག་བྱས་ཡོད་མེད་བཅས་ལ་ལྟ་རྒྱུ་དེ་རེད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་ཕན་འབྲས་དངོས་ནི་མཐར་གཏུགས་ནས་བརྗོད་ན། ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མངོན་པ་དང་། ཏང་ཡོན་ལས་བྱེད་པ་ཚོས་སྙིང་སྟོབས་ཆེ་རུ་གཏོང་བ་དང་། བྱས་རྗེས་གསར་པ་མངོན་པར་བྱེད་པ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་མངོན་པ། གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བའི་ཐད་མངོན་པ་བཅས་བྱེད་དགོས།རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་གནད་དོན་ཐག་གཅོད་བྱེད་རྒྱུ་ཁྲིད་སྟོན་དུ་བྱས་ནས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་དང་དངོས་ཕན་ཐོབ་རྒྱུར་བརྟེན་ནས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་དགོས། ༼འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།༽