མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་ཝུའེ་ཁེ་ལེ་མ་ཤིན་ཧ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 08:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་ཝུའེ་ཁེ་ལེ་མ་ཤིན་ཧ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སི་རི་ལན་ཁའི་ཙུང་ལི་ཝུའེ་ཁེ་ལེ་མ་ཤིན་ཧ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་སི་རི་ལན་ཁའི་དབར་ཡུན་རིང་གི་མཛའ་གྲོགས་འབྲེལ་བ་ལྡན་པ་དང་ཕན་ཚུན་དབར་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་དབར་རྒྱབ་སྐྱོར་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་ལས་བྱེད་ཀྱི་ཡོད། ང་ཚོས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་དང་གཉིས་ཁེའི་མཉམ་ལས་བྱེད་རྒྱ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཟོལ་མེད་རོགས་རེས་དང་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་སི་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་ཐད་དེ་བས་སྦྲེལ་མཐུད་དམ་ཟབ་ཐུབ་པ་བྱས་ཏེ་འཕེལ་རྒྱས་ཁྲོད་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་ཆོག་གི་ཡོད། ཕྱོགས་གཉིས་པོས་མཐོ་རིམ་མི་སྣའི་དབར་འགྲོ་འོང་བྱེད་ཚུལ་མཐའ་འཁྱོངས་ཀྱིས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཕུགས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་སི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་ཐུབ་པ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་དགོས། ཀྲུང་སི་རྒྱལ་ཁབ་གཉིས་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པས་ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བཟུང་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད། བཟོ་ལས་གླིང་ཁུལ། ལས་སྣོན་བཟོ་སྐྲུན་ལས་རིགས། ཐོན་ནུས། ཚན་རྩལ། རྒྱ་མཚོ་སོགས་ཁྱབ་ཁོངས་སུ་དོན་གཉེར་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས། སི་རི་ལན་ཁའི་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ཀྲུང་གོ་ཕྱོགས་ཀྱིས་གྲོས་བསྡུར་དང་རོགས་རམ་ཧུར་ཐག་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཡུལ་སྐོར་དང་། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པར་མོས་མཐུན་ཡོད་པ་དང་ཀྲུང་སི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ལས་བྱུང་བའི་ཕན་འབྲས་ཀྱིས་དམངས་ཚོགས་དཀྱུས་མ་དེ་བས་མང་བར་ཕན་པ་ཐོབ་པ་བྱས་ཏེ་ཀྲུང་སི་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་གླེང་སྟེགས། ཨེ་ཤེ་ཡ་ལྷོ་མའི་མནའ་འབྲེལ་སོགས་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཀྲུང་གོ་ཕྱོགས་ཀྱིས་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཝུའེ་ཁེ་ལེ་མ་ཤིན་ཧ་ཡིས་སི་ཀྲུང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་འབྲེལ་བ་སྔོན་མོའི་ཆུ་རྒྱུན་བཞིན་རིང་བ་ཡོད། འཕེལ་རྒྱས་ཐད་ཟོལ་མེད་རོགས་ལས་དང་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱལ་ཁབ་གཉིས་པོའི་གཞི་རྩའི་ཁེ་ཕན་དང་མཐུན་ཡོད་ལ་སི་རི་ལན་ཁའི་ཏང་ཤོག་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་དང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཧུར་ཐག་བཏོན་པར་སི་རི་ལན་ཁ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད་ལ་དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ཧུར་ཐག་ཞུགས་ནས་སྔར་ལས་ལྷག་པའི་ངང་གྲུ་ཁ་དང་གནམ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚོང་དོན་མ་འཇོག འགྲིམ་འགྲུལ། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་སྤེལ་རེས་དང་མི་སྣ་འགྲོ་འོང་ལ་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།