མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཆི་པའོ་ཡིས་རྒྱལ་ཁབ་དཔེ་མཛོད་ཁང་དུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཆི་པའོ་ཡིས་རྒྱལ་ཁབ་དཔེ་མཛོད་ཁང་དུ་བརྟག་ཞིབ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་ཡིས་རྒྱལ་ཁབ་དཔེ་མཛོད་ཁང་དུ་བརྟག་ཞིབ་གནང་སྐབས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ་དང་། ལུགས་མཐུན་དང་། ཚན་རིག་དང་མཐུན་པ། གུས་བཀུར་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་འཕེལ་རྒྱས་མཐའ་འཁྱོངས། དུས་རབས་ཀྱི་སྙིང་སྟོབས་ཐོག་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ཀྲུང་ཧྭའི་རིག་གནས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ལིའུ་ཆི་པའོ་ཡིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ལོ་རྒྱུས་ཀྱི་འོད་སྟོང་བཏོད་པ་མ་ཟད། ད་ཆ་སྔར་བཞིན་འདི་ཉིད་ཀྱི་བསམ་བློའི་འོད་ཟེར་དང་བློ་གྲོས་ཀྱིས་ཕྱུག་པའི་སྟོབས་ཤུགས་མངོན་བཞིན་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་དུས་རབས་འཕེལ་རྒྱས་དང་འཚམ་པ་བྱ་རྒྱུར་གཙིགས་ཆེན་བྱེད་དགོས་པ་དང་། དེའི་ནང་དོན་དེ་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པའི་རིག་གནས་དང་། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་རིག་གནས། དུས་རབས་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་དུས་སྐབས་ཀྱི་མི་རབས་གསར་པ་གསོ་སྐྱོང་ལ་ཕན་པའི་རིག་གནས་བཅས་ཡིན་དགོས་པ་དང་འབྲེལ་ཕྱོགས་ཁག་གི་ཐོག་མངོན་པ་བྱེད་དགོས། རིག་རྩལ་གསར་རྩོམ་ཁྲོད་ཀྲུང་ཧྭའི་མཛེས་རིག་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཀྲུང་ཧྭའི་མཛེས་དཔྱད་ཉམས་འགྱུར་མངོན་པ་བྱས་ཏེ་སློབ་གྲྭའི་སློབ་གསོའི་ཁྲོད་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་ཀྱི་ཚད་གཞི་དང་། བསམ་བློའི་གཤིས་རྒྱུད། རིན་ཐང་གི་ལྟ་བ་བཟང་པོ་བཅས་སྐྱེད་སྲིང་བྱེད་དགོས་པ་དང་གྲོང་ཁྱེར་དང་། གྲོང་གསེབ་འཛུགས་སྐྲུན་ཁྲོད་ལོ་རྒྱུས་ཀྱི་རིག་གནས་འཕར་རྩ་རྒྱུན་སྲིང་དང་ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་ཉར་ཚགས་བྱས་ཏེ་དུས་དང་བར་མཐོངས་ལས་བརྒལ་བ་དང་དེང་རབས་ཀྱི་རིན་ཐང་ལྡན་པའི་རིག་གནས་སྙིང་སྟོབས་དར་སྤེལ་གཏོང་བ་དང་བརྒྱུད་བསྒྲགས་བྱེད་དགོས་ཞེས་གསུངས་པ་རེད།
         ལིའུ་ཆི་པའོ་ཡིས་ཧ་ཅང་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་ཀྱི་བསྟན་བཅོས་ནང་ནས་མཚོན་བྱེད་རང་བཞིན་གྱི་གསུང་རབ་བདམས་ནས་ཡང་དག་ལ་གོ་བདེའི་ངང་འགྲེལ་བཤད་རྒྱག་རྒྱུ་དེ་ནི་སྲོལ་རྒྱུན་རིག་གནས་ཁྱབ་གདལ་དང་བརྒྱུད་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ནས་བརྗོད་ན་ཧ་ཅང་དགོས་ངེས་ཤིག་རེད། དེང་རབས་ལ་ཞབས་འདེགས་ཞུ་བ་དང་འབྱུང་འགྱུར་ལ་ཁ་ཕྱོགས་ནས་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་ཁག་གཅིག་རྩོམ་སྒྲིག་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ནས་སྤྱི་དམངས་ལ་འཆད་འགྲེལ་བྱས་ཏེ་དེའི་ནང་གི་སྙིང་བཅུད་མངོན་པ་བྱས་ནས་མི་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གསུང་རབ་ཀྱི་ངོ་མཚར་སྔར་བས་རྟོགས་རོགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ལིའུ་ཆི་པའོ་ཡིས་དཔེ་དེབ་ལྟ་ཀློག་བྱ་རྒྱུ་དེ་ནི་མི་རིགས་ཤིག་གི་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་ཡིན། དཔེ་དེབ་བཀླགས་ཚེ། མི་རྣམས་ཀྱི་བསམ་བློའི་གསོན་ཤུགས་རྒྱུན་འཁྱོངས་ཐུབ་པ་དང་། མི་རྣམས་ཀྱི་བློ་གྲོས་འཕེལ་ཐུབ་པ། མི་རྣམས་ལ་གཞུང་དྲང་གི་གཤིས་རྒྱུད་འཇགས་ཐུབ། སྤྱི་ཚོགས་ཡོངས་སུ་དཔེ་དེབ་ལྟ་ཀློག་གི་སློབ་སྦྱོང་རྣམ་པ་ཞིག་དར་བ་བྱས་ནས་མི་རྣམས་དཔེ་དེབ་ཀློག་རྒྱུར་དགའ་བ་དང་དཔེ་དེབ་ལེགས་རིགས་ཀློག་རྒྱུར་ཁྲིད་སྟོན་བྱེད་དགོས། དཔེ་སྐྲུན་ཚན་པས་དཔེ་དེབ་ཀྱི་ནང་དོན་ཨང་དང་པོར་བཞག་ནས་བསམ་བློའི་ནང་དོན་དང་རིན་ཐང་གི་སྟོན་ཕྱོགས་མངོན་གསལ་དུ་ཐོན་པ་བྱེད་པ་དང་། གྲངས་འབོར་དང་སྤུས་ཚད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟ་ཀློག་རང་བཞིན་བཅས་ཤུགས་ཆེན་ལྡན་པའི་ཕུལ་བྱུང་དཔེ་དེབ་རྒྱུན་ཆད་མེད་པར་དཔེ་སྐྲུན་བྱས་ཏེ་མི་དམངས་མང་ཚོགས་ལ་དེ་བས་ལེགས་པ་དང་དེ་བས་མང་བའི་བསམ་པའི་རྒྱགས་ཕྱེ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།