མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་《ཞིང་
ནང་ཆུ་བེད་སྲོལ་ཡིག་》ཡོངས་བསྒྲགས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་04ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་669ལ་མཚན་རྟགས་བཀོད་ནས་《ཞིང་ནང་ཆུ་བེད་སྲོལ་ཡིག་》(གཤམ་དུ་《སྲོལ་ཡིག་》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་གནང་ཞིང་། 2016ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         ཆུ་བེད་ནི་ཞིང་ལས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་ཞིང་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཞིང་ནང་ཆུ་བེད་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། 《སྲོལ་ཡིག་》བཟོས་པ་དེ་ཞིང་ནང་ཆུ་བེད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
         《སྲོལ་ཡིག་》ནང་ཞིང་ནང་ཆུ་བེད་འཕེལ་རྒྱས་གཏོང་བར་སྲིད་གཞུང་གིས་གཙོ་ཁྲིད་དང་། ཚན་རིག་དང་མཐུན་པའི་འཆར་འགོད། ཡུལ་བབ་དང་བསྟུན་པ། ཆུ་བསྲི་ནུས་ཆེ། འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་འཛིན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པའི་གསལ་སྟོན་བྱས་ཡོད་པ་རེད།
         《སྲོལ་ཡིག་》ནང་ཞིང་ནང་ཆུ་བེད་འཆར་འགོད་བཟོ་བའི་བརྒྱུད་རིམ་ཐད་གཏན་འབེབས་བཟོས་ནས་འཆར་འགོད་བཟོ་སྐབས་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་དང་། ཆུ་འདྲེན་ཆུ་འབུད་འཕེལ་རྒྱས་ཀྱི་དགོས་མཁོ། ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱེད་དགོས་པ་དང་། ལྷག་དོན་དུ་གྲོང་གསེབ་གཅིག་སྡུད་དཔལ་འབྱོར་རྩ་འཛུགས་དང་། ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས། ཞིང་པའི་བསམ་འཆར་བཅས་བསྡུ་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 《སྲོལ་ཡིག་》ནང་ལས་གྲྭ་འཛུགས་སྐྲུན་ཚན་པས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཀྱི་འགན་ཁུར་ནས་སྲིད་གཞུང་གིས་མ་འཇོག་འཛུགས་སྐྲུན་བྱས་པའི་ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་སྐབས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། གྲོང་གསེབ་ཀྱི་གཅིག་སྡུད་དཔལ་འབྱོར་རྩ་འཛུགས། ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས། ཞིང་པའི་འཐུས་མི་བཅས་གདན་འདྲེན་ཞུ་དགོས་པ་མ་ཟད། ལས་གྲྭའི་ཡིག་ཚགས་བཟོ་དགོས་པའི་གསལ་སྟོན་བྱས་ཡོད་པ་རེད། 《སྲོལ་ཡིག་》ནང་ལས་གྲྭའི་རིགས་ཁག་དང་མ་འཇོག་བྱེད་མཁན་མི་འདྲ་བར་གཞིགས་ཏེ་ཞིང་ནང་ཆུ་བེད་ལས་གྲྭ་དང་འཚམ་པའི་འཁོར་སྐྱོད་སྲུང་སྐྱོང་བྱེད་མཁན་གཏན་འཁེལ་དང་། འཁོར་སྐྱོད་སྲུང་སྐྱོང་གི་འགན་འཁྲི་གསལ་སྟོན། དོ་དམ་སྲུང་སྐྱོང་གི་འགན་འཁྲི་སྒྲུབ་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན། ལས་གྲྭའི་སྒྲིག་བཀོད་སྲུང་སྐྱོང་གི་བླང་བྱ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད། 《སྲོལ་ཡིག་》ནང་ཞིང་ཆུ་འདྲེན་སྐབས་སྤྱི་འབོར་ཚོད་འཛིན་དང་བཅད་གྲངས་དོ་དམ་གཉིས་ཟུང་འབྲེལ་གྱི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ཞིང་ཆུ་འདྲེན་སྐབས་ཆུ་རིན་ཡོད་པའི་ངང་བེད་སྤྱོད་བྱེད་དགོས་པ་མ་ཟད། ཆུ་སྤྱོད་ཀྱི་རིན་གོང་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས་པ་དང་། ཞིང་ཆུ་སྟོར་འགྲེམས་དང་ཞིང་ཆུ་ཉུང་གཏོང་སོགས་ཀྱི་ཆུ་གྲོན་ཆུང་ངང་གཏོང་བའི་ལག་རྩལ་ཁྱབ་སྤེལ་དང་སྤྱོད་རྒྱུར་སྐུལ་ལྕག་བྱེད་པ་དང་། སྔོན་ཐོན་གོ་ཆོད་ཀྱི་ཞིང་ནང་ཆུ་འབུད་ཀྱི་ལག་རྩལ་དང་བྱ་ཐབས་ལག་བསྟར་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་བོ་དང་། ཆུ་ཚབས་ཆེན་མི་འདང་བ་དང་སྣོད་བཅུད་ཁོར་ཡུག་ཞན་དུ་སོང་བའི་ས་ཁུལ་དང་དེ་བཞིན་ས་འོག་ཆུ་ཚད་བརྒལ་འདོན་ཁུལ་དུ་དམིགས་བསལ་ཐོག་སྔོན་ལ་གྲོན་ཆུང་ངང་ཆུ་འདྲེན་པའི་ལག་རྩལ་འཕེལ་རྒྱས་གཏོང་དགོས་པའི་སྐུལ་ལྕག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།