མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བློ་མཐུན་ལི་པའོ་གོ་ཡི་སྔོན་ཐོན་བྱས་རྗེས་ཐད་མཆན་བཀོད་
མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་14ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་ཆར་བློ་མཐུན་ལི་པའོ་གོ་ཡི་སྔོན་ཐོན་བྱས་རྗེས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས“བློ་མཐུན་ལི་པའོ་གོ་ཡིས་ལོ་35ནང་ཉིན་གཅིག་ལྟར་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས་དུས་ཡུན་རིང་པོའི་ནང་དབུལ་སྒྲོལ་འགག་སྒྲོལ་དང་ཚན་རྩལ་གསར་གཏོད་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་ཀྱིས་ཚེ་གང་རིང་གི་སེམས་ནུས་ཡོད་ཚད་རི་ཁུལ་གྱི་སྣོད་བཅུད་འཛུགས་སྐྱོང་དང་ཚན་རྩལ་དམངས་ཕྱུག་གི་བྱ་གཞག་ཁྲོད་བཏོན་ཏེ་རང་ཉིད་ཀྱི་མིག་དཔེའི་བྱ་སྤྱོད་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་ཀུན་སྤྱོད་ཕུལ་བྱུང་མངོན་པར་བྱས་པའི་བྱས་རྗེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། བློ་མཐུན་ལི་པའོ་གོ་ནི་དུས་སྐབས་གསར་པའི་གུང་ཁྲན་ཏང་ཡོན་གྱི་མིག་དཔེ་དང་། ཤེས་ཡོན་ཅན་གྱི་འཐུས་མི་ཕུལ་བྱུང་། ཐའེ་ཧང་རི་འདབས་ཀྱི་ཡུས་ཀུང་གསར་པ་བཅས་ཡིན། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། སློབ་གསོ་དང་ཚན་རྩལ་ལས་དོན་པ་བཅས་ཀྱིས་བློ་མཐུན་ལི་པའོ་གོ་ཡི་སེམས་པ་མང་ཚོགས་ལ་འཆང་བ་དང་། དཀའ་སྤྱད་ལས་སྒྲུབ། འབད་འབུངས་ཡར་བརྩོན། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་བླ་ན་མ་མཆིས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་རང་རྟོགས་ངང་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པའི་ལས་རྗེས་ཧུར་ཐག་འཇོག་དགོས”ཞེས་གསུངས་པ་རེད།
         ལི་པའོ་གོ་སྐུ་འཚོ་བཞུགས་སྐབས་ཧོ་པེ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན་ཡིན་ཞིང་། ཁོང་གིས་ཐའེ་ཧང་རི་ཁུལ་གྱི་སྣོད་བཅུད་བཅོས་སྐྱོང་དང་མང་ཚོགས་དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་ནི་ཚེ་གང་རིང་གི་དོན་གཉེར་ཞིག་ཏུ་བརྩིས་ནས་ལོ་ལྟར་གཞི་རིམ་དུ་ཉིན་200ལྷག་ཙམ་བསྐྱོད་དེ་རི་རྒོད་མུའུ་ཁྲི་140ཙམ་སྔོ་ལྗང་ཅན་དུ་འགྱུར་བ་བྱས་ནས་ཞིང་པ་ཁྲི་10དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་སྣེ་འཁྲིད་ཐུབ་ཡོད། རྒྱུན་གཏན་ལས་ཀ་མང་བ་དང་དཀའ་ཐུབ་ཆེ་བའི་རྐྱེན་གྱིས་ལི་པའོ་གོ་ལ་སྙུན་གཞི་ཕོག་སྟེ་འདི་ལོའི་ཟླ་4ཚེས་10ཉིན་གྱི་ཐོ་རེངས་སུ་ལོ་ན་58ལ་སླེབས་པའི་ཁོང་གློ་བུར་དུ་སྙིང་ནད་ལངས་ནས་མྱུར་སྐྱོབ་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་སྐུ་གཤེགས་པ་རེད། ལི་པའོ་གོ་སྐུ་གཤེགས་རྗེས“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“དུས་རབས་ཀྱི་མིག་དཔེ” “རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”སོགས་ཀྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་ཡོད། ཁོང་གི་སྔོན་ཐོན་བྱས་རྗེས་དེ་སྨྱན་སྦྱོར་གྱིས་རྒྱ་ཁྱབ་ངང་སྤེལ་གཏོང་བྱས་པས་སྤྱི་ཚོགས་ཡོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་རེད།
         བློ་མཐུན་ལི་པའོ་གོ་ཡི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་དེ་ཚེས་12ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། སྙན་ཞུའི་ཚོགས་འདུ་མ་འཚོག་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ལི་པའོ་གོ་ཡི་གཉེན་ཉེར་འཚམས་འདྲི་གནང་བ་དང་ཆབས་ཅིག་ཀྲུང་དབྱང་རྩ་འཛུགས་པུས་བློ་མཐུན་ལི་པའོ་གོ་ལ་རྗེས་སྤྲོད་གནང་བའི“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་ལག་ཁྱེར་ཡང་གནང་བ་རེད། ལིའུ་ཡུན་ཧྲན་གྱིས་མཇལ་འཕྲད་གནང་སྐབས་བློ་མཐུན་ལི་པའོ་གོ་ཡི་སྔོན་ཐོན་བྱས་རྗེས་ཐོག་ནས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རང་རེའི་ཏང་གི་དམིགས་ཡུལ་མངོན་པ་མ་ཟད། གུང་ཁྲན་ཏང་མིའི་ངོ་བོ་མཚོན་པས་དེ་ནི་མིག་དཔེ་བཟང་པོ་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་རང་རྟོགས་ངང་བློ་མཐུན་ལི་པའོ་གོ་ལ་སློབ་སྦྱོང་བྱེད་པ་དང་། སྔོན་ཐོན་གྱི་དཔེ་མཚོན་མིག་དཔེར་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་བརྟན་པོ་འཛུགས་པ་དང་། བབ་ཆགས་ལྷད་མེད་ཀྱི་མི་སེར་ལ་འཆང་བའི་བསམ་བློའི་འཁྱེར་སོ་རྒྱུན་འཁྱོངས་བྱས་ནས་དཀའ་སྤྱད་ལས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། དད་སེམས་བརྟན་གཏོང་དང་ཐོག་མའི་བསམ་འདུན་མ་བརྗེད་པའི་ཐོག་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མཐོ་ས་བརྟན་སྲུང་བྱས་ནས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ནས་ལས་དོན་སྒྲུབ་པ་དང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་འགྱུར་མེད་དམ་བཅའ་འཇོག་དགོས། བདེན་འཚོལ་དངོས་སྒྲུབ་མཐའ་འཁྱོངས་བྱས་ནས་དོན་དག་ཆུང་ཙག་ནས་སྒྲུབ་པ་དང་། ལས་དོན་དུ་འཁྱོལ་བ། མདུན་གྲལ་དུ་བསྐྱོད་དེ་ས་གཞི་ཆེན་པོའི་ཐོག་བྱས་རྗེས་འཇོག་དགོས། ཁེ་གྲགས་སྤོང་བ་དང་རང་གཅུན་ནན་པོ་བྱས་ནས་སྤྱོད་གཙང་གཞུང་དྲང་དང་ལེགས་སྐྱེས་འབུལ་རྒྱུར་སྤྲོ་བའི་གཟུགས་བརྙན་བཟང་པོ་གཏོད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ལི་པའོ་གོ་སོགས་སྔོན་ཐོན་དཔེ་མཚོན་རྣམས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་དཔེ་མཚོན་སློབ་གཞིར་བྱས་ནས་ཏང་ཡོན་ལས་བྱེད་པར་ཞིབ་བསྡུར་སློབ་སྦྱོང་བྱ་རྒྱུའི་སྣེ་འཁྲིད་པ་དང་ཚད་ལོན་གྱི་གུང་ཁྲན་ཏང་ཡོན་བྱ་རྒྱུའི་བརྩོན་ལེན་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བློ་མཐུན་ལི་པའོ་གོ་ཡི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱ་རྒྱུ་དང་ཟུང་འབྲེལ་དང་ཚན་རྩལ་གསར་གཏོད་ལ་སྐུལ་མ་གཏོང་བ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུའི་ལག་ལེན་དང་ཟུང་འབྲེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་མ་ཡག་པོ་གཏོང་དགོས། དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་ཚན་པས་བློ་མཐུན་ལི་པའོ་གོ་ཡི་སྔོན་ཐོན་བྱས་རྗེས་དང་བླ་ན་མ་མཆིས་པའི་སྙིང་སྟོབས་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་མི་དེ་བས་མང་བར་སློབ་གསོ་དང་ལྕག་སྐུལ་ཐེབས་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་སྒྲོག་འགྲེལ་དང་བརྒྱུད་བསྒྲགས་བྱས་པ་དང་། སྙན་ཞུ་ཚོགས་པའི་ཁོངས་མིས་བློ་མཐུན་ལི་པའོ་གོ་ཡི་སྔོན་ཐོན་བྱས་རྗེས་དང་བླ་ན་མ་མཆིས་པའི་སྙིང་སྟོབས་རྒྱས་བཤད་བྱས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།