མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མོང་ཅན་ཀྲུའུ་ཡིས་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་ཐད་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་དང་ཁྲིམས་འཛིན་ཐད་སྤྱི་མོས་ཐོབ་ཚད་མཐོ་རུ་བཏང་ནས་དད་སེམས་བརྟན་པ་དང་། དམངས་ཆེད་ཁྲིམས་འཛིན། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་གི་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། 
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན། རྒྱལ་ཡོངས་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་ཐད་བླང་བྱ་བཏོན་དོན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཕྱོགས་སྟོན་དུ་བཟུང་ཐོག ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་བདེ་མི་དམངས་ཉེན་རྟོག་པར་མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རང་རྟོགས་ངང་ལག་བསྟར་བྱེད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ། ཁྲིམས་འཛིན་ཐད་སྤྱི་མོས་ཐོབ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དད་སེམས་བརྟན་པ་དང་། དམངས་ཆེད་ཁྲིམས་འཛིན། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་སྤྱི་བདེ་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པ་རེད།
         མོང་ཅན་ཀྲུའུ་ཡིས་ནན་བཤད་གནང་དོན། སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དུས་བབ་གསར་པའི་འོག་སྤྱི་བདེའི་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་འགན་སྲུང་ཡིན། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་བརྩིས་ཐོག ཕུགས་བསམ་དང་དད་སེམས་ཀྱི་རྩ་བ་སྐྱེད་སྲིང་ཧུར་ཐག་དང་བློ་དཀར་ཟོལ་མེད་ཀྱི་བླ་སྲོག་བརྟན་པོར་བཙུགས་ནས། སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚོ་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་པ་དང་སྲུང་སྐྱོབ་པ་བྱེད་རྒྱུའི་འགན་ལེན་བྱེད་དགོས་པ་དང་། སློབ་གསོ་དང་སྦྱོང་བརྡར་བྱེད་རྒྱུ་དེ་སྔོན་ཁྲིད་རང་བཞིན་དང་རྨང་གཞི་རང་བཞིན་གྱི་འདུ་འགོད་ཅིག་ཏུ་བརྩིས་ཐོག དེང་རབས་ཅན་གྱི་སློབ་གསོ་སྦྱོང་བརྡར་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པའི་ལས་སྒོའི་བྱང་ཚད་དང་དངོས་འཐབ་འཇོན་ཐང་ཆེ་རུ་ཧུར་ཐག་གཏོང་དགོས། ཁྲིམས་འཛིན་ཚད་ལྡན་ཅན་དང་ཆེད་ལས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་ལག་བསྟར་བྱེད་སྐབས་ནན་པོ་དང་། གཞུང་དྲང་། ཤེས་དཔལ། ཚད་ལྡན་བཅས་ཡོང་བ་བྱེད་དགོས། ཉེན་རྟོག་དཔུང་ཁག་བཅོས་སྐྱོང་ནན་པོ་བྱེད་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག སྤྱོད་ཚུལ་ལེགས་གཏོང་དང་སྒྲིག་ཁྲིམས་ནན་དུ་གཏོང་ཤུགས་ཆེ་རུ་བཏང་ནས། སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་བྱེད་པའི་རྣམ་པ་ཡག་པོ་ཞིག་གཏོད་དགོས་པ་དེ་རེད།