མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་(2016ལོ་ནས་
2020ལོའི་བར་)》པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་(2016ལོ་ནས་2020ལོའི་བར་)》 (གཤམ་དུ་《འཆར་གཞི་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ནས་སླད་ཕྱིན་དུས་སྐབས་ཤིག་རིང་ལུས་རྩལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ལུས་རྩལ་འཕེལ་རྒྱས་གཏོང་བ། དམངས་ཡོངས་ཀྱི་ལུས་སྦྱོང་དར་སྲོལ་གསར་པ་དར་སྤེལ་གཏོང་བ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།
         《འཆར་གཞིའི་》ནང་2020ལོར་སླེབས་སྐབས་མང་ཚོགས་ཚོའི་ལུས་རྩལ་ལུས་སྦྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས་མང་དུ་མངོན་གསལ་དོད་པོ་འགྲོ་བ། གཟའ་འཁོར་རེར་ལུས་རྩལ་སྦྱོང་བརྡར་ཐེངས་རེ་ཡན་ལ་ཞུགས་མཁན་མི་གྲངས་དུང་ཕྱུར་7ཟིན་པ། ལུས་རྩལ་སྦྱོང་བརྡར་ནང་རྟག་ཏུ་ཞུགས་མཁན་མི་གྲངས་དུང་ཕྱུར་4.35ཟིན་པ་བྱེད་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་གི་སློབ་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཕན་ཚུན་རམ་འདེགས་ཀྱིས་འཕེལ་རྒྱས་འགྲོ་བའི་རྣམ་པ་རགས་ཙམ་ཆགས་པ་བྱེད་པ་དང་། ལུས་རྩལ་གྱི་འཛད་སྤྱོད་གཞི་ཁྱོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.5ཟིན་རྒྱུ། དམངས་ཡོངས་ལུས་སྦྱོང་བྱ་རྒྱུ་དེ་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཡོང་བ་དང་། ནང་མཁོར་ཡར་སྐུལ་དང་དཔལ་འབྱོར་འཕར་གཞི་གསར་པ་ཆགས་པ་བཅས་ཀྱི་སྒུལ་ཤུགས་འབྱུང་གནས་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད་པ་རེད།
         《འཆར་གཞིའི་》ནང་ལས་འགན་གཙོ་བོ་ཕྱོགས་དྲུག་བཏོན་ཡོད་པ་སྟེ། དེའི་ནང་ལུས་རྩལ་རིག་གནས་གོང་འཕེལ་བཏང་ནས་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་མཁོ་འདོན་བྱེད་པ། ལུས་རྩལ་སྤྱི་ཚོགས་རྩ་འཛུགས་སྒྱུར་བཅོས་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་གསོན་ཤུགས་འཕེལ་བར་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་ཆས་སྤྱི་འདོམས་འཛུགས་སྐྲུན་བྱས་ནས་མང་ཚོགས་ཚོར་ཉེ་འགྲམ་དུ་ལུས་སྦྱོང་ཐུབ་རྒྱུར་སྟབས་བདེ་སྐྲུན་པ། དམངས་ཡོངས་ལུས་སྦྱོང་གི་སྣ་མང་ནུས་པ་འདོན་སྤེལ་བྱས་ནས་ཞབས་ཞུའི་ཁྱོན་ཡོངས་ཀྱི་རྣམ་པ་ཆགས་པ་དང་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་རྒྱས་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་པ། རྒྱལ་སྤྱིའི་སྤྱི་དམངས་ལུས་རྩལ་དང་སྤེལ་རེས་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་སྒོ་དབྱེ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ། དམངས་ཡོངས་ལུས་སྦྱོང་གི་འཕེལ་རྒྱས་གཙོ་གནད་ལ་ཤུགས་སྣོན་བརྒྱབ་ནས་གཞི་རྩའི་སྤྱི་པའི་ལུས་རྩལ་ཞབས་ཞུ་དོ་སྙོམས་ཅན་དང་གཙོ་གནད་མི་ཚོགས་དང་རྣམ་གྲངས་འཕེལ་རྒྱས་ལེགས་པར་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད། ད་དུང་《འཆར་གཞིའི་》ནང་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུར་དམིགས་ནས་སྒྲིག་གཞི་ལམ་སྲོལ་གསར་གཏོད་བྱེད་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སྐུལ་ལྕག་བྱ་ཐབས་ལ་གདེང་འཇོག་བྱེད་པ། ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་བྱེད་པ། ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་པ་སོགས་ཐད་ཀྱི་འགན་ལེན་བྱ་ཐབས་བཏོན་ཡོད་པ་རེད།
     《འཆར་གཞིའི་》ནང་ས་གནས་ཁག་གིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་། དམངས་ཡོངས་ལུས་སྦྱོང་གི་འཆར་གཞིར་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་དེ་གནས་བབ་གལ་ཆེན་ཐོག་འཇོག་པ། ས་གནས་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་དེ་བཞིན་གཞི་རྩའི་སྤྱི་པའི་ཞབས་ཞུ་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་པ། འབྲེལ་ཡོད་གཙོ་གནད་ལས་དོན་དེ་སྲིད་གཞུང་གི་ལོ་འཁོར་གྱི་དམངས་འཚོའི་དོན་དངོས་ལ་བརྩིས་ནས་ཧུར་ཐག་སྒྲུབ་པ་དང་དཔྱད་ཞིབ་བྱེད་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་《དམངས་ཡོངས་ཀྱི་ལུས་སྦྱོང་ལག་བསྟར་འཆར་གཞི་(2016ལོ་ནས་2020ལོའི་བར་)》བཟོས་ནས་ལས་འགན་ཁག་བགོས་དང་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱེད་དགོས་པ་དང་འབྲེལ། 2020ལོར་སླེབས་སྐབས་འཆར་གཞི་ལག་བསྟར་བྱེད་ཚུལ་ཐད་ཕྱོགས་ཡོངས་ནས་དཔྱད་དཔོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།