མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་《ཀྲུང་གོ་གུང་ཁྲན་ཏང་
གི་འགན་འཁྲི་བདའ་འདེད་སྲོལ་ཡིག་》ལ་གྲོས་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་30ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་དབང་ཆ་ནི་འགན་འཁྲི་ཡིན་པ་དང་འགན་འཁྲི་ནི་འགན་ཁུར་ཐུབ་པ་བྱ་རྒྱུ་དེ་ཡིན། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་ཁུར་ཐུབ་པ་བཅས་ནི་ཏང་གིས་འགོ་ཁྲིད་ལས་བྱེད་པར་བཏོན་པའི་ཆབ་སྲིད་ཀྱི་བླང་བྱ་ཡིན། རང་རེའི་ཏང་གིས་ལོ་95ཡི་རིང་འབད་འཐབ་བྱས་པ་ལས་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ཐོག་ནས་གུང་ཁྲན་ཏང་མིའི་འགན་ཁུར་ཕོད་པའི་སྙིང་སྟོབས་གང་ལེགས་མངོན་ཡོད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩ་ནི་རིམ་ཁག་ཏང་རྩ་འཛུགས་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཁུར་ཕོད་པ་བྱས་ཏེ་ཏང་ལ་སེམས་ཁྲལ་བྱེད་པ་དང་། ཏང་གི་ཆེད་དུ་བྱ་བ་སྒྲུབ་ཐུབ་པ། དམངས་ཆེད་འགན་འཁྲི་ཁུར་ཕོད་པ་བཅས་བྱ་རྒྱུ་དེ་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལས་འགན་སྒྲུབ་པ་དང་འགན་འཁྲི་ཁུར་ཕོད་པ་བྱས་ཚེ་སྒྲུབ་མ་ཐུབ་པའི་བྱ་བ་གང་ཡང་མེད། འགན་འཁྲིའི་འདུ་ཤེས་གསལ་རྟོགས་དང་འགན་ཁུར་ཕོད་པའི་སྙིང་སྟོབས་འཕེལ་བ་བྱས་ཏེ་ཏང་གི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་ནམ་ཡང་གནས་ཐུབ་པ་བྱེད་དགོས་ལུགས་བསྟན་ཡོད།
          ཚོགས་འདུའི་ཐོག་འགན་འཁྲི་བདའ་འདེད་སྲོལ་ཡིག་ནི་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་མཚོན་ཆ་རྣོ་པོ་ཞིག་ཡིན། སྲོལ་ཡིག་དེ་ཏང་གི་སྒྲིག་ཡིག་ཁྲོད་ལག་བསྟར་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་། ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ལས་དོན་ལ་དམིགས་ནས་འགན་འཁྲི་བདའ་འདེད་གཏོང་དགོས། ལས་འཛོལ་འགན་འཛོལ་གྱིས་རྐྱེན་པས་མཇུག་འབྲས་ཚབས་ཆེན་བཟོ་བ་དང་། མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་དྲག་པོ་ཡོད་པ། ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞིར་གནོད་འཚེ་བཟོ་བ་བཅས་ཚང་མར་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་འགན་འཁྲི་གཙོ་བོ་བདའ་འདེད་གཏོང་བ་དང་འགན་འཁྲི་ལྟ་སྐུལ་བྱེད་དགོས་ལ་འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་ཀྱང་གཏོང་དགོས། འགན་འཁྲི་རིམ་ཁག་ཏང་རྩ་འཛུགས་ལ་དཀྲིས་ཏེ་རྩ་འཛུགས་དང་། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས་སོགས་ཏང་གི་ལས་དོན་སྡེ་ཚན་ལ་ཁག་བགོས་བྱས་ནས་འགན་འཁྲི་ཡོད་ཚེ་ངེས་པར་དུ་བདའ་འདེད་གཏོང་བ་དང་། འགན་འཁྲི་བདའ་འདེད་ནན་པོ་གཏོང་བའི་བརྡ་རྟགས་དྲག་པོ་གཏོང་དགོས་པའི་ངོས་འཛིན་བྱས་ཡོད།
          ཚོགས་འདུའི་ཐོག་འགན་འཁྲི་བདའ་འདེད་སྲོལ་ཡིག་ནི་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལམ་ལུགས་གལ་ཆེན་ཞིག་ཡིན། ལམ་ལུགས་ནི་ལག་བསྟར་བྱ་རྒྱུར་རག་ལུས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་རྩ་ལག་མཉམ་བཅོས་ལ་སྐུལ་མ་གཏོང་བའི་ཆེས་གཞི་རྩ་ནི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་འགན་འཁྲི་ཁུར་ཐུབ་པ་བྱེད་དགོས་པ་དེ་ཡིན། རིམ་ཁག་ཏང་རྩ་འཛུགས་ཚང་མས་རང་ཉིད་དེའི་ནང་ཚུད་པ་བྱས་ཏེ་དོན་དངོས་དང་འབྲེལ་བ་བྱེད་པ་དང་གོང་གིས་འོག་གི་སྣེ་འཁྲིད་དེ་དངོས་འཛིན་བཙན་འཐབ་བྱེད་ཕོད་པ་བྱས་ནས་འགན་འཁྲི་ཤོར་ཚེ་ངེས་པར་དུ་བདའ་འདེད་གཏོང་རྒྱུ་དེ་རྒྱུན་རྣམ་ལ་འགྱུར་བ་བྱེད་དགོས། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་འགན་འཁྲི་བདའ་འདེད་དང་ལྡོག་སྐུལ་འགན་འཁྲི་དོན་འཁྱོལ་ལ་དམ་པོར་དམིགས་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འགན་ལེན་དང་། ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་བགྲོད་འགན་ལེན། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
         ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་ཡོད།