མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་གནང་བ་དང་
འབྲེལ་གཙོ་སྐྱོང་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་གནང་བ་དང་འབྲེལ་གཙོ་སྐྱོང་ཡང་གནང་ཞིང་། ཚོགས་འདུའི་ཐོག་སི་ཁྲོན་དང་ཧྲའན་ཤིས་ཀྱི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རྟེན་གཞིའི་ཁུལ་རྙིང་པས་ཕྱུག་འགྱུར་མགྱོགས་པོ་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་། 《དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བ་འཆར་འགོད་》ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ། འགྲིམ་འགྲུལ་མ་ལམ་འཛུགས་སྐྲུན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རིམ་སྤོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ཚོགས་འདུའི་ཐོག་སི་ཁྲོན་དང་ཧྲའན་ཤིས་ཀྱི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ནང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། དེ་དག་གིས་ནུབ་རྒྱུད་ས་ཁུལ་དུ་དམིགས་བསལ་གནས་བབ་བཟུང་མོད། འོན་ཏེ་མང་ཆེ་བ་གཅིག་སྡུད་ཡུག་སྦྲེལ་གྱི་དཀའ་ངལ་ཆེ་བའི་ས་ཁུལ་དུ་ཡོད་པ་མ་ཟད། ད་དུང་རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན་རྗེས་སུ་ལུས་ཡོད། དེས་ན་དམིགས་བསལ་གྱི་རོགས་སྐྱོར་སྲིད་ཇུས་ལག་ལེན་བསྟར་ཏེ་སི་ཁྲོན་དང་ཧྲའན་ཤིས་ཀྱི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རྒྱུ་དང་། ས་ཁོངས་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ། ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་བཅས་ལ་ཕན་པ་ཐོབ་པར་བྱེད་དགོས་ཞེས་བསྟན་པ་སྟེ། གཅིག་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་སྔར་བས་བརྟེན་ནས་ས་ཁོངས་རོགས་ལས་ལ་སྐུལ་འདེད་གཏོང་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་དང་། གཤམ་སྤྲོད་དང་དོ་དམ་གཉིས་ཟུང་འབྲེལ་བྱ་རྒྱུ། སྲིད་འཛིན་གྱིས་ཁག་བགོས་བྱ་རྒྱུ་མེད་པར་བཟོ་རྒྱུ། གཅིག་གྱུར་ཁྲོམ་ར་འཛུགས་སྐྲུན་བྱ་རྒྱུ། དྲང་གཞག་གི་འགྲན་རྩོད་ཁོར་ཡུག་གཏོད་རྒྱུ་སོགས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་རྟེན་གཞི་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་འཇུར་མིག་གི་ཚོད་འཛིན་སེལ་དགོས་ཤིང་། གཙོ་གནད་ཆུ་བེད་ལས་གྲྭ་ཁག་གཅིག་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ་གློག་རླངས་སོགས་ནུས་རྒྱུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས། 2020ལོར་སླེབས་སྐབས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་སྲིད་འཛིན་གྲོང་ཚོར་རྩ་བའི་ཆ་ནས་དྲ་ཆེན་ཤར་གཏོང་ཐུབ་པར་བྱེད་དགོས། གསུམ་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་དེ་བཞིན་རྒྱུ་ཆ་གསར་པ་དང་། རྩེར་སོན་སྒྲིག་ཆས་བཟོ་སྐྲུན། ཚོང་དོན་ཟོག་འགྲེམས། ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས་པ་དང་ཡང་བའི་འཁེལ་འཐག་གྱོན་ཆས་སོགས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱེད་དགོས། ཞིང་པ་ལས་མི་རང་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། བཞི་ནས་དབུལ་སྒྲོལ་འགག་སྒྲོལ་མགྱོགས་པོ་བྱེད་དགོས་ཤིང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གཏོང་ཆ་གཏོང་ཤུགས་ཆེ་རུ་དང་དབུལ་སྐྱོར་འབོར་ཉུང་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱུ་ནོར་ཕན་འབྲས་རོགས་སྐྱོར་ལམ་ལུགས་འཚོལ་ཞིབ་ཀྱིས་ལག་ལེན་བསྟར་ཏེ་ནོར་སྲིད་མ་དངུལ་གཏོང་ཆ་ལས་ཆགས་པའི་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་རྐང་ཕབ་དུད་ཚང་དབུལ་པོར་བགོ་སྤྲོད་བྱེད་དགོས་པ་བཅས་རེད།
         ཚོགས་འདུའི་ཐོག་རང་རྒྱལ་གྱི་ལྕགས་ལམ་ཚགས་མཐུག་ཚད་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་དམའ་བ་དང་། ལམ་དྲ་བཀོད་སྒྲིག་བྱེད་སྟངས་འཐུས་སྒོ་ཚང་པོ་མེད་པ། ལྷག་དོན་དུ་དབུས་ནུབ་རྒྱུད་ཀྱི་ལྕགས་ལམ་འཕེལ་རྒྱས་གཏོང་རྒྱུ་འདང་གི་མེད། རྒྱལ་དམངས་དཔལ་འབྱོར་གྱི་མ་ལམ་ལྟ་བུ་ཡིན་པའི་ལྕགས་ལམ་འཛུགས་སྐྲུན་བྱེད་པ་ནི་འཕར་ཚུལ་བརྟན་དུ་གཏོང་ལ་གྲུབ་ཆ་ལེགས་སྒྲིག་དེ་བས་ཀྱང་བྱེད་པ་དང་། ནུས་ལྡན་གྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་ལ་འཛད་སྤྱོད་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ། གཅིག་གོ་མང་ཆོད་ཀྱི་མིག་སྔར་ཕན་པ་འདོགས་ལ་ཕུགས་ལའང་ཕན་པ་འདོགས་པ་བཅས་ཀྱི་བྱ་སྤྱོད་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། ཚོགས་འདུའི་ཐོག་《དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བ་འཆར་འགོད་》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་རྗེས་ལྕགས་ལམ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀར་ལྟ་སྐྱོང་བྱེད་པ། ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ལྕགས་ལམ་དེ་གཞུང་ལམ་དང་། ཆུ་ལམ། མཁའ་ལམ་སོགས་དང་ཟུང་འབྲེལ་དམ་ཚགས་ཐུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་བཏོད་དེ་མཁོ་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་སྐྱེལ་འདྲེན་ཞབས་ཞུ་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་མཚོ་རྒྱུད་དང་། པེ་ཅིང་། ཧྲང་ཧའེ་སོགས“གཞུང་བརྒྱད”བགྲོད་ལམ་དང་། སྐམ་ཟམ་དང་གཙང་རྒྱུད་སོགས“འཕྲེད་བརྒྱད”བགྲོད་ལམ་གྱིས་གཙོ་བོ་བྱས་པའི་བགྲོད་ལམ། གྲོང་ཁྱེར་དང་གྲོང་ཁྱེར་དབར་གྱི་ལྕགས་ལམ་གྱིས་ཁ་གསབ་ཏུ་བྱས་པའི་མྱུར་བགྲོད་ལྕགས་ལམ་དྲ་བ་བཅས་འཛུགས་སྐྲུན་བྱས་ནས་ཉེ་འཁོར་དུ་ཡོད་པའི་གྲོང་ཁྱེར་ཆེ་འབྲིང་དབར་ཆུ་ཚོད་1ནས་4བར་འབྱོར་བའི་འགྲིམ་འགྲུལ་འཁོར་རྒྱ་དང་གྲོང་ཁྱེར་ནང་ཁུལ་དུ་ཆུ་ཚོད་0.5ནས་2བར་འབྱོར་བའི་འགྲིམ་འགྲུལ་འཁོར་རྒྱ་ཞིག་ཆགས་པ་དང་། གཉིས་ནས་སྤྱིར་བཏང་མྱུར་ཚད་ཀྱི་ལྕགས་ལམ་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུས་ནུབ་རྒྱུད་ཀྱི་ལམ་དྲ་ཁྱབ་རྒྱ་ཆེ་རུ་གཏོང་བ། ཤར་རྒྱུད་དྲ་རྒྱའི་བཀོད་པ་ལེགས་སུ་གཏོང་བ། ས་ཁུལ་དང་ས་ཁུལ་དབར་སྟབས་བདེ་ནུས་ཆེའི་འགྲོ་ལམ་ཆགས་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་རྒྱལ་ཁབ་ས་ཆ་གསར་སྤེལ་གྱི་ལྕགས་ལམ་མགྱོགས་མྱུར་སྐྲུན་དགོས་པ་དང་། སྤྱིར་བཏང་མྱུར་ཚད་ཀྱི་མ་ལམ་ཡོངས་སུ་ཤར་གཏོང་ཐུབ་པ་བྱས་ནས་ལྕགས་ལམ་འགྲིམ་འགྲུལ་རྫོང་རིམ་པ་ཡན་གྱི་སྲིད་འཛིན་ཁུལ་དུ་སྤྱིར་ན་ཁྱབ་པ་བྱེད་དགོས་པ། མཐའ་འཁོར་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས“བར་ཐག་མེད་པར”བརྗེ་སྡོད་ཐུབ་པ་བྱེད་དགོས་པའི་བླང་བྱ་གཞིར་བཟུང་གཅིག་མཚུངས་བབས་ཚུགས་འཆར་འགོད་དེ་ལྕགས་ལམ་འགྲུལ་སྐྱེལ་ས་ཚིགས་ཀྱིས་ལྟེ་བར་བྱེད་པ་དང་འགྲིམ་འགྲུལ་རྣམ་པ་གཞན་དང་སྦྲེལ་མཐུད་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཅིག་བསྐྲུན་ཐོག དོས་སྒམ་གྱི་ལྟེ་བའི་ས་ཚིགས་དང་མཇུག་སྣེ་སྡེབ་སྐྱེལ་སོགས་དངོས་ཟོག་འབྱེད་སྡུད་ཞབས་ཞུའི་དྲ་རྒྱ་ཆེ་རུ་བཏང་ནས་ལེ་ལག་ཚང་ལ་སྟབས་བདེ་བ་དང་ས་ཚིགས་དང་གྲོང་ཁྱེར་མཉམ་འདྲེས་ཀྱི་དེང་རབས་ཅན་གྱི་འགྲིམ་འགྲུལ་འགག་གནད་ཅིག་ཆགས་པ་བྱེད་དགོས་པ། བཞི་ནས་མྱུར་བགྲོད་ལྕགས་ལམ་གྱི་དཔལ་འབྱོར་རྣམ་པ་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ལམ་རྒྱུད་ས་ཁོངས་ཀྱི་སྤེལ་རེས་མཉམ་ལས་དང་ཐོན་ཁུངས་ལེགས་སྒྱུར་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། ཐོན་ལས་སྐས་ཚད་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་བཟོ་སྐྲུན་ལས་རིགས་དང་དཔལ་འབྱོར་ཧྲིལ་པོ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱེད་དགོས་པ་བཅས་རེད།