མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྒྱུར་བཅོས་ཀྱི་ཐོན་ཁུངས་གཅིག་སྡུད་དང་གསར་གཏོད་ཀྱི་གསོན་
ཤུགས་འཕེལ་བར་བྱས་ཏེ་ཕན་འབྲས་དེ་བས་ཆེ་བའི་སྒོ་ནས་སྒྱུར་བཅོས་ཀྱི་ལས་
དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་6ཚེས་27ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ས་གནས་ནི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། རིམ་ཁག་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་སྒྱུར་བཅོས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་སྒྱུར་བཅོས་ཀྱི་ཚུགས་ནུས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་ཀྱི་ཐོན་ཁུངས་གཅིག་སྡུད་བྱེད་པ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས་དམིགས་ཚད་ལས་འགན་དམ་འཛིན་དང་། གནད་སྨིན་དོན་འཁྱོལ། གསར་གཏོད་འཚོལ་ཞིབ། ཕན་ནུས་རྗེས་འདེད། ལམ་སྲོལ་འགན་ལེན་བཅས་བྱས་ནས་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་དེ་བས་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཡུན་ཧྲན་དང་ཀྲང་ཀའོ་ལི་ཚོགས་འདུར་ཕེབས་པ་རེད།
         ཚོགས་འདུའི་ཐོག་《མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》དང་། 《འདྲི་གཅོད་ལྟེ་བར་བྱས་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《གཅིག་གྱུར་དང་ཚད་ལྡན་གྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟའི་ཁུལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》 《རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་ཚོད་ལྟའི་ཁུལ་(ཕུའུ་ཅན་)ལག་བསྟར་ཇུས་གཞི》 《ཁ་དན་ཚིག་ལ་མ་གནས་མཁན་ལ་ཡིད་རྟོན་ལྟ་སྐུལ་དང་། ཉེན་བརྡ་གཏོང་བ། གཅུན་འདོམས་བཅས་ལག་བསྟར་བྱེད་པའི་ལམ་སྲོལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ཧའེ་ནན་ཞིང་ཆེན་ཁོངས་གཏོགས་ཀྱི“སྒྲིག་སྲོལ་མང་པོ་ཟླ་སྒྲིལ་གཏོང་བའི”སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ》 《2015ལོར་ས་གནས་ཁག་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཚུལ་དང་ལས་ཀའི་གྲོས་འགོའི་ཕྱོགས་བསྡུས་སྙན་ཞུ་》བཅས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་ཐོག་རང་རྒྱལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་གསོན་ཤུགས་ཆེན་པོ་ལྡན་པའི་འགག་རྩ་ནི་མི་དམངས་ཁྲོད་རྩ་བ་བརྟན་པོ་ཚུགས་པས་ཡིན། མི་དམངས་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་དམིགས་ཡུལ་ནི་ནུས་ལྡན་དང་སྤྱོད་གོ་ཆོད་པའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་དེ་བས་ཡག་པ་དང་དམ་ཟབ་ཐུབ་པ་བྱ་རྒྱུ་དེ་རེད། འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལས་ཀའི་ལས་སྟེགས་དང་དྲ་རྒྱའི་ལས་སྟེགས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་འབྲེལ་གཏུག་བྱེད་པའི་ལས་ཀའི་ནང་དོན་གསལ་པོ་བཟོ་བ་དང་འབྲེལ་གཏུག་བྱེད་སྟངས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་འཐུས་མིས་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་བླང་བྱ་མཚོན་པར་བྱེད་པ་དང་ཐག་གཅོད་བྱས་ཚུལ་བརྡ་ལན་སྤྲོད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིམ་ཁག་མི་དམངས་འཐུས་མིས་འགན་འཁྲི་སྒྲུབ་པ་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་སྐབས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་རྒྱལ་ཁབ་ལས་ཁུངས་ཀྱིས་འཐུས་མིས་བཤད་པའི་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་རེ་ཞུར་མཐོང་ཆེན་བྱེད་པ་དང་ཐག་གཅོད་ནན་ཏན་བྱས་ཐོག་ལས་དོན་སྤེལ་སྟངས་ལེགས་སུ་གཏོང་རྒྱུ་ཞིབ་འཇུག་གིས་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཚོགས་འདུའི་ཐོག་འདྲི་གཅོད་ལྟེ་བར་བྱས་པའི་གཏུག་བཤེར་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་གནས་ཚུལ་དང་ཁྲིམས་འཛིན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་དངོས་རྩད་ཞིབ་གསལ་པོ་བྱེད་པ་དང་། དཔང་རྟགས་ངོས་འཛིན། གཏུག་བཤེར་དབང་ཆ་སྲུང་སྐྱོང་། དྲང་གཞག་ཁྲིམས་གཅོད་བཅས་བྱེད་པའི་ཁྲོད་ཀྱི་འདྲི་གཅོད་དང་ལྷག་པར་དུ་ཁྲིམས་རའི་འདྲི་གཅོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱས་ནས། ངེས་པར་དུ་བཅའ་ཁྲིམས་ཀྱི་ཚོད་བགམ་ཐེག་ཐུབ་པར་བྱེད་པའི་གྱོད་གཞི་སྒྲུབ་མཁན་མི་སྣའི་འདུ་ཤེས་འཆངས་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲིམས་རའི་འདྲི་གཅོད་ཀྱི་གོ་རིམ་བརྒྱུད་གྱོད་གཞི་ཁྲིམས་ཐག་གཅོད་པའི་གཞུང་དྲང་ཡོང་བ་བྱས་ཏེ་ནག་མེད་ཉེས་འགེལ་གྱི་གྱོད་གཞི་མི་ཐོན་པ་བྱས་ཐོག ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་དགོས། ཉེས་དོན་ཁྲིམས་འཛིན་གཞུང་དྲང་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། དཔང་རྟགས་ལ་བརྟེན་ནས་ཁྲིམས་ཐག་གཅོད་རྒྱུ་དེ་ཉེས་དོན་གཏུག་བཤེར་གྱི་ལྷུ་ཚིགས་ཁག་ནང་ལག་བསྟར་བྱས་ནས་ཁྲིམས་འགལ་གྱི་དཔང་རྟགས་མི་འདོན་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔང་མི་དང་གསལ་འབྱེད་བས་ཁྲིམས་རར་བདེན་དཔང་བྱ་རྒྱུ་དོན་འཁྱོལ་ནན་པོ་བྱེད་པ། ཉེས་དོན་བཅའ་ཁྲིམས་ཀྱི་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྙོག་འཛིང་ཆེ་བ་དང་སྟབས་བདེའི་གྱོད་གཞི་ལོགས་སུ་དབྱེ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁྲིམས་འཛིན་ཆོས་ཉིད་དང་དེ་བས་མཐུན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་གཅིག་གྱུར་དང་ཚད་ལྡན་གྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་ཚོད་ལྟའི་ཁུལ་འཛུགས་པའི་དམིགས་ཡུལ་ནི་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ཚོད་ལྟ་བྱས་ནས། སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་ཆེད་ཐབས་ལམ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱེད་དགོས། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་བྱེད་པར་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་དང་སྲུང་སྐྱོང་ལམ་ལུགས་དང་། བར་མཐོངས་འཆར་འགོད་བཟོ་བ། སྣོད་བཅུད་ཐོན་ཟོག་ཁྲོམ་ར་ཅན་གྱི་སྒྱུར་བཅོས། རྒྱུ་མང་ཅན་གྱི་སྣོད་བཅུད་སྲུང་སྐྱོང་སྐྱིན་གསབ་ལམ་ལུགས་འཛུགས་པ། ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་ལས་རྗེས་གདེང་འཇོག་དཔྱད་ཞིབ་སོགས་གཙོ་གནད་སྒྱུར་བཅོས་ལས་འགན་གྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཚད་མཐོ་བ་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཐོན་ཁུངས་དང་ཁོར་ཡུག་གི་གནད་དོན་གཙོ་གནད་ཐག་གཅོད་བྱེད་དགོས། ཕུའུ་ཅན་སོགས་ཚོད་ལྟའི་ཁུལ་གྱིས་སྒྱུར་བཅོས་གསར་གཏོད་མངོན་གསལ་དོད་པོ་བྱེད་པ་དང་གཙོ་གནད་དང་དཀའ་གནད་དམ་འཛིན་བྱས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་ཤུགས་བརྒྱབ་ནས་ས་ཁུལ་གཞན་དག་ལ་སྒྱུར་བཅོས་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཚོགས་འདུའི་ཐོག་ལག་བསྟར་བྱ་ཡུལ་གྱི་ཁ་དན་ཚིག་ལ་མ་གནས་པའི་ཡིད་རྟོན་ལྟ་སྐུལ་དང་། ཉེན་བརྡ་གཏོང་བ། གཅུན་འདོམས་བཅས་ལམ་སྲོལ་འཛུགས་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེས་ལག་བསྟར་བྱ་ཡུལ་གྱིས་ནུས་པ་ཐོན་པའི་བཅའ་ཁྲིམས་ཡིག་ཆའི་ནང་གཏན་འབེབས་བྱས་པའི་འོས་འགན་རང་འགུལ་ངང་ལག་བསྟར་བྱ་རྒྱུར་སྐུལ་མ་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཁྲིམས་འཛིན་གྱི་སྤྱི་མོས་ཐོབ་ཚད་ཀྱང་མཐོ་རུ་ཕྱིན་ནས་སྤྱི་ཚོགས་ཀྱི་ཁ་དན་ཚིག་གནས་ཀྱི་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་ཐུབ། སྡེ་ཚན་ལས་བརྒལ་བའི་མཉམ་ལས་ལྟ་སྡོམ་བྱེད་པ་དང་མཉམ་འབྲེལ་གཅུན་འདོམས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཚོད་འཛིན་བྱེད་པའི་རྣམ་གྲངས་ཀྱི་ནང་དོན་གསལ་པོ་བཟོ་བ་དང་། ཆ་འཕྲིན་སྤྱི་བསྒྲགས་དང་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ལག་བསྟར་གྱི་ཞིབ་བཤེར་ཚོད་འཛིན་ནུས་པ་མཐོ་རུ་གཏོང་བ། ལག་བསྟར་བྱ་ཡུལ་གྱི་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་སྲིད་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། “ཕྱོགས་གཅིག་ལ་ཁ་དན་ཚིག་ལ་མ་གནས་ཚེ་ཚང་མར་ཚོད་འཛིན་ཐེབས་པའི”ཡིད་རྟོན་གཅུན་འདོམས་ཀྱི་བཀོད་པ་ཞིག་བསྐྲུན་ནས་ཁ་དན་ཚིག་ལ་མ་གནས་མཁན་བྱ་དཀའ་བྱེད་གཏད་དུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་སྒྱུར་བཅོས་ནི་གསར་བརྗེ་ཞིག་ཡིན་ལ། སྒྱུར་དགོས་པ་ནི་སྒྲིག་སྲོལ་ལམ་སྲོལ་དང་བཟོ་དགོས་པ་ནི་ཐོབ་ཟིན་པའི་ཁེ་ཕན་ཡིན་པས། ལག་ལེན་དངོས་མ་བསྟར་ཚེ་ཡོང་ཐབས་མེད། ས་གནས་རིམ་ཁག་ཏང་ཨུད་ཀྱིས་འགག་སྒྲོལ་དཀའ་སེལ་དང་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་རྒྱག་དགོས། དམིགས་ཚད་ལས་འགན་དམ་པོར་བཟུང་ནས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱ་རྒྱུར་དམིགས་ཏེ་སྒྱུར་བཅོས་ཀྱི་བསམ་པ་དང་སྒྱུར་བཅོས་ཀྱི་བྱ་ཐབས་རང་འགུལ་ངང་སྤྱད་དེ་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་ཕྱེ་ནས་ཏང་ཀྲུང་དབྱང་གིས་ཁ་གསལ་བཏོན་པའི་སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་དང་། ས་གནས་ཀྱི་འཕེལ་རྒྱས་དཀའ་གནད་སེལ་བའི་ཁ་ཚ་དགོས་གཏུག་གི་སྒྱུར་བཅོས་ཀྱི་ལས་འགན། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྒྱུར་བཅོས་ལས་འགན་བཅས་སྔོན་ལ་སྐུལ་འདེད་དང་གཙོ་གནད་འགན་ལེན་བྱེད་དགོས། གནད་སྨིན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རྣག་ཐོག་བཙག་འཁེལ་བྱེད་པ་དང་། ལག་བསྟར་ཇུས་གཞི་བཟོས་ནས་གནད་དོན་ལ་དམིགས་པ་དང་། བརྟག་ཞིབ་རིགས་སྒྲུབ་གང་ལེགས་བྱས་ནས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་ཆོག་པའི་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། སྒྱུར་བཅོས་ཀྱི་ངོ་བོ་ཉིད་ཀྱི་འབྲེལ་བ་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱས་ནས་སྒྱུར་བཅོས་མ་ལག་གི་འདུས་གྲུབ་ནུས་པ་ཆེ་རུ་གཏོང་དགོས། འཚོལ་ཞིབ་དང་གསར་གཏོད་ལ་དམ་འཛིན་ནན་པོ་བྱས་ནས་གཞི་རིམ་གྱི་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྒྱུར་བཅོས་བ་སྔོན་ལ་སྤྱོད་པ་དང་སྒྱུར་བཅོས་མི་བྱེད་མཁན་རྗེས་སུ་སྤྱོད་པའི་མི་སྣ་སྤྱོད་པའི་སྟོན་ཕྱོགས་ཤིག་ཆགས་པ་བྱས་ཏེ། ས་གནས་ཀྱི་གསར་གཏོད་བྱེད་ཐབས་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས། རྗེས་འདེད་ངང་ཕན་འབྲས་འདྲི་རྩད་ལ་དམ་འཛིན་ནན་པོ་བྱས་ནས་སྒྱུར་བཅོས་ཀྱི་ལྟ་ཞིབ་དམ་འཛིན་ཡག་པོ་བྱེད་པ་དང་དཔྱད་དཔོག་ལས་དོན་སྤེལ་ནས་རྩ་བའི་གནས་ཚུལ་གསལ་པོ་དང་། གནད་དོན་ལ་དབྱེ་ཞིབ་གསལ་པོ། ལས་ཀའི་ཁ་ཕྱོགས་གསལ་བ་བཅས་ཐུབ་པ་དགོས། ལམ་སྲོལ་འགན་ལེན་ལ་དམ་འཛིན་ནན་པོ་བྱས་ནས་བསྒྲུབ་རྒྱུར་ལྟ་སྐུལ་མཐུན་སྦྱོར་དང་། ལྟ་ཞིབ་དོན་འཁྱོལ། དཔྱད་དཔོག་སྐུལ་འདེད། འགན་འཁྲི་བདའ་འདེད་སོགས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྒྱུར་བཅོས་དཔུང་ཁག་འཛུགས་སྐྱོང་ལ་གཙིགས་ཆེན་བྱེད་པ་དང་། ལས་སྒོ་གསོ་སྦྱོང་ཡག་པོ་བྱེད་པ། ལས་སྒོ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་ནུས་དང་ཆུ་ཚད་གོང་མཐོར་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ཀྱི་སྒྱུར་བཅོས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ས་གནས་ཀྱི་སྒྱུར་བཅོས་ལ་ཐོན་པའི་གནད་དོན་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་དང་ཆེད་དོན་ཇུས་གཞི་བཟོས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་དགོས། སྒྱུར་བཅོས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་སྒྱུར་བཅོས་ཀྱི་སྔོན་དཔག་ཡག་པོ་ཞིག་ཆགས་པ་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།