མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

༄༅།།ཞིས་ཅིན་ཕིང་གིས་ཡིད་ཆེས་བརྟན་དུ་གཏོང་བ་དང་ངེས་ཤུགས་ཆེ་རུ་བཏང་ནས་བློ་
བརྟན་འགྱུར་མེད་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་
ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་10ཉིན། 16:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         ཀྲང་ཀའོ་ལི་བཞུགས་མོལ་ཚོགས་འདུར་ཕེབས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན་གྱི་སྔ་དྲོ་པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དཔལ་འབྱོར་དུས་བབ་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ཐད་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོའི་བསམ་འཆར་དང་གྲོས་འགོ་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཁབ་དངུལ་རྩ་དང་འཕེལ་རྒྱས་ཚོད་ལྟ་ཁང་གི་ལས་འཛིན་འགོ་གཙོ་ལི་དབྱང་དང་། ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཞིབ་འཇུག་ལྷན་ཚོགས་རྒྱལ་དམངས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྥན་ཀང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་དབྱི་མིན། ལེའོ་ཉིང་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་ཡོན་ཀྲང་ཤེ་ཏི། ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་དབང་ཀྲེན། ཧུའུ་པེ་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་གཡོད་ཁྲེང་། ཧྲེན་ཀྲེན་གྲོང་ཁྱེར་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝུའུ་སི་ཁང་། པའོ་ཀང་ལྕགས་དང་ངར་ལྕགས་ཚོགས་པའི་ཏུང་ཧྲི་ཀྲང་ཞུས་ལེ་ཅང་། མེ་ཏི་ཚོགས་པའི་ཏུང་ཧྲེ་ཀྲང་ཧྥང་ཧུང་ཕོ་སོགས་ཀྱིས་རང་ཉིད་ཀྱི་ཞིབ་འཇུག་ཁྱབ་ཁོངས་དང་། རང་སོ་སོའི་ས་ཁུལ་ལམ་ཡང་ན་རང་སོ་སོའི་ཁེ་ལས་ཀྱི་དོན་དངོས་དང་བསྟུན་ནས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཁོང་རྣམ་པས་དངུལ་རྩའི་སྒྱུར་བཅོས་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན། སྤྱི་ཁོག་དཔལ་འབྱོར་འཁོར་སྐྱོད་དང་དུས་བབ་ལ་བརྡར་ཤ་གཅོད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས། བྱང་ཤར་དཔལ་འབྱོར་དར་རྒྱས་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས། རྒྱལ་སྤྱིའི་དཔལ་འབྱོར་དུས་བབ། དབུས་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དུས་བབ། དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད།
         ལྕགས་དང་ངར་ལྕགས་ལས་རིགས་ཀྱི་ཐོན་ནུས་མང་ཐལ་འདོར་སྒྱུར། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་དང་། གནད་དོན། གྲོས་འགོ་བཅས་འདོན་གནང་བ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཆིང་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན་སོགས་ཚན་པ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་མིག་སྔའི་སྤྱི་ཁོག་དཔལ་འབྱོར་འཁོར་སྐྱོད་ནང་གི་གནད་དོན་ཁ་ཤས་ཐད་རང་ཉིད་ཀྱི་ལྟ་བ་གླེང་བ་རེད།
         ཞིས་ཅིན་ཕིང་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོའི་གཏམ་བཤད་ནན་ཏན་ངང་གསན་ཞིང་། སྐབས་རེ་འབྲེལ་ཡོད་གནད་དོན་ཐད་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་དང་གྲོས་བསྡུར་གནང་བ་རེད། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོའི་གཏམ་བཤད་མཇུག་འགྲིལ་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་རྩ་བའི་ཆ་ནས་བརྟན་པོ་ཡོད་ལ། སྔོན་དཔག་དང་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་ལ་བརྡར་ཤ་བཅད་པ་དང་མཐུན་ཡོད། དཔལ་འབྱོར་གྱི་གཞི་རྩའི་རྣམ་པ་དང་སྤྱི་ཚོགས་དུས་བབ་རྩ་བའི་ཆ་ནས་བརྟན་པོ་དང་། དངུལ་རྩའི་ཁྲོམ་རའི་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད་མོད། འོན་ཀྱང་དཔལ་འབྱོར་གྱི་འཕེལ་ཕྱོགས་སྔར་བཞིན་ཁག་དབྱེ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་རྙིང་བརྗེ་སྒྱུར་ལ་བརྒྱུད་རིམ་ཞིག་མཁོ་བ་དང་སྒུལ་ཤུགས་གསར་པ་འཚར་ལོངས་ཡོང་བའི་དུས་བབ་མགྱོགས་སུ་འགྲོ་བཞིན་ཡོད། འཕེལ་ཕྱོགས་ཐོག་ནས་བལྟས་ན། དཔལ་འབྱོར་འཕེལ་རྒྱས་ཡུན་རིང་ལེགས་པའི་ཕྱོགས་སུ་བསྐྱོད་པའི་གཞི་རྩའི་རྣམ་པ་དང་། དཔལ་འབྱོར་འཕེལ་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་འདང་ངེས། བརྐྱང་བསྐུམ་བྱེད་ས་ཆེ་བ་བཅས་ཀྱི་རྩ་བའི་ཁྱད་ཆོས། དཔལ་འབྱོར་རྒྱུན་མཐུད་ངང་འཕར་རྒྱུའི་འདེགས་སྐྱོར་བཟང་པོའི་རྨང་གཞི་དང་ཆ་རྐྱེན། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གི་མདུན་སྐྱོད་དུས་བབ་བཅས་ལ་འགྱུར་ལྡོག་ཕྱིན་མེད། དཔལ་འབྱོར་འཁོར་སྐྱོད་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་ཁྱད་ཆོས་དེ་བས་མངོན་གསལ་དོད་པས་ངེས་པར་དུ་ཡིད་ཆེས་བརྟན་དུ་གཏོང་བ་དང་ངེས་ཤུགས་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་གསར་པ་སྐྱེད་སྲིང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཐད་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་སྤྱིའི་དགོས་མཁོ་འོས་འཚམ་ངང་རྒྱ་ཆེ་རུ་བཏང་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དེ་བས་བརྟན་པའི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བྱས་ཏེ་ནུས་པ་ལྡན་པ་དང་། ཚད་དང་ལྡན་པ། ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས“སྒྱུར་བ་གསུམ་དང་། གཅོག་པ་གཅིག ཁ་གསབ་གཅིག”བཅས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས་པ། འཕེལ་རྒྱས་ཀྱི་སྔོན་དཔག་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་བརྟན་པོའི་ཐོག་ནས་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བ་དང་སྒྱུར་བཅོས་ཀྱི་བྱེད་ཐབས་ཆེན་པོ་དོན་འཁྱོལ་བྱས་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་མཛུབ་ཁྲིད་དུ་བྱས་ཏེ་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེའི་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་དང་བཅུད་ལེན་བྱེད་པ་དང་ཆབས་ཅིག་ནུབ་ཕྱོགས་དཔལ་འབྱོར་རིག་པའི་ཕན་ཡོད་གྲུབ་ཆ་དཔྱད་གཞིར་འཛིན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་དེ་ལག་ལེན་ཁྲོད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས་ལ། ལག་ལེན་གྱི་ཞིབ་བཤེར་ཉམས་སད་ཐེག་ཐུབ་པ་བྱས་ཏེ་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས། ཞིབ་འཇུག་དང་འཚོལ་ཞིབ་ལ་ཤུགས་སྣོན་རྒྱག་པར་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཕྱོགས་སྡོམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་རིགས་པའི་གཞུང་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་རྣམ་པ་བཅས་གང་ལེགས་མངོན་པའི་དཔལ་འབྱོར་རིག་ཚན་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རྙོག་འཛིང་ཆེ་བའི་རྒྱལ་ཕྱི་རྒྱལ་ནང་གི་ཆབ་སྲིད་དཔལ་འབྱོར་གྱི་དུས་བབ་འོག་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་མངོན་འགྱུར་བྱེད་པར་ངེས་པར་དུ་དེ་བས་ལེགས་པའི་སྒོ་ནས་དུས་བབ་དང་ཁོར་ཡུག་ལ་དབྱེ་ཞིབ་དང་། དེ་བས་ལེགས་པའི་སྒོ་ནས་འཐབ་ཇུས་གོ་སྐབས་དུས་ཀྱི་ནང་དོན་དང་ཆ་རྐྱེན་གྱི་འགྱུར་ལྡོག་སྟངས་འཛིན། དེ་བས་ལེགས་པའི་སྒོ་ནས་སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་ཆེན་པོ་སྟངས་འཛིན་བཅས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་འགྲན་སློང་ལ་ཁ་གཏད་གཅོག་དགོས། དེར་བརྟེན་དཔལ་འབྱོར་རིག་པ་མཁས་ཅན་དང་རྒྱལ་སྤྱིའི་མིག་རྒྱང་ལྡན་པའི་རྒྱལ་སྤྱིའི་ཁེ་ལས་མཁས་ཅན་རྩེ་གྲ་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཤེས་བྱར་བརྩི་འཇོག་དང་ཤེས་ལྡན་པར་བརྩི་འཇོག་བྱས་ཏེ་རིགས་གཅིག་མཁས་ཅན་དང་མཁས་དབང་ལ་བསྟུན་པའི་གོམས་གཤིས་འཇགས་པ་བྱས་ནས་རིགས་གཅིག་མཁས་ཅན་དང་མཁས་དབང་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱེད་པ་དང་འབྲེལ་རིག་ནུས་ཐོན་ཁུངས་ཡག་པོ་སྤྱོད་དགོས། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོ་འགྲིག་པ་རྣམས་བསྡུ་ལེན་ཧུར་ཐག་བྱེད་དགོས། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་བརྟག་ཞིབ་གཏིང་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཁོག་དཔལ་འབྱོར་གྱི་དོན་དངོས་དང་བསྟུན་རྒྱུར་གཙིགས་ཆེན་བྱེད་པ། དཔལ་འབྱོར་སྣང་ཚུལ་རྒྱབ་ལྗོངས་ཀྱི་ངོ་བོ་དང་དེ་བཞིན་ཆོས་ཉིད་མངོན་པ་བྱེད་པ། ལག་ལེན་གྱི་ཉམས་སད་ཐེག་ཐུབ་པའི་ཞིབ་འཇུག་གྲུབ་འབྲས་མང་པོ་ཐོན་ཐུབ་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཆེད་ཐབས་དང་ཇུས་འདོན་དགོས་ཞེས་གསུངས་པ་རེད།