མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཆི་པའོ་ཡིས་བོད་ལ་བརྟག་ཞིབ་གནང་སྐབས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་
དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་10ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ནས་8ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་ཡིས་བོད་ལ་རྟོག་ཞིབ་གནང་སྐབས་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་དོན་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་བཏང་ནས་མི་སེམས་དང་སྟོབས་ཤུགས་དེ་མཛེས་སྡུག་དང་། མཐུན་སྦྱོར། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་གཅིག་འགྲིལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         རྟོག་ཞིབ་གནང་རིང་ལིའུ་ཆི་པའོ་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ་སོགས་ས་ཁུལ་གྱི་གྲོང་གསེབ་དང་། སྡེ་ཁུལ། དགོན་སྡེ། དྲིལ་བསྒྲགས་རིག་གནས་ཚན་པ་བཅས་སུ་ཕེབས་ནས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་དང་། རིག་གནས་དང་རིག་དངོས་སྲུང་སྐྱོབ། སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བའི་ཁར་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
         ལིའུ་ཆི་པའོ་ཡིས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་ལས་དོན་གྱི་གཞི་ཚུགས་ས་དང་ཤུགས་རྒྱག་ས་ཞིག་རེད། ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་བྱེད་ཕྱོགས་སྲིད་ཇུས་ཁག་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱ་ཤུགས་ཆེ་རུ་བཏང་ཐོག་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་ཀྱི་བསམ་བློའི་ལྕགས་རི་རིང་པོ་བརྟན་པོ་སྐྲུན་དགོས། དྲིན་ཚོར་སློབ་གསོ་གཏིང་ཟབ་བཏང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་བ། སྤྱི་ཚོགས་རིང་ལུགས་ཀྱི་བཀའ་དྲིན་ཚོར་བ། བོད་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ཀྱི་བཀའ་དྲིན་ཚོར་བ་བཅས་བྱེད་དགོས། དྲིལ་བསྒྲགས་བྱ་ཐབས་གསར་གཏོད་ཀྱིས་སློབ་གྲྭའི་སློབ་གསོའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་གྱི་སྣེ་ཁྲིད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ལིའུ་ཆི་པའོ་ཡིས་གསར་གཏོད་རང་བཞིན་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་དགོས། མི་རིགས་ཀྱི་དམངས་ཁྲོད་རིག་གནས་གོང་འཕེལ་ལ་རོགས་སྐྱོར་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་ལས་དོན་ལེགས་པར་སྒྲུབ་པ་དང་ཀྲུང་ཕྱིའི་རིག་གནས་དང་སྤེལ་རེས་རྒྱ་ཁྱབ་བྱས་ནས་བོད་ཀྱི་རིག་གནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ལིའུ་ཆི་པའོ་ཡིས་རང་རྒྱལ་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཁྲོད་བོད་ཀྱི་གནས་བབ་དམིགས་བསལ་ཆེ་བ་དང་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། དེར་བརྟེན་རྒྱལ་ཁབ་ཀྱི་གནས་བབ་མཐའ་འཁྱོངས་དང་བོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དྲིལ་བསྒྲགས་གང་ལེགས་བྱས་ཐོག་དེ་ཉིད་འཛམ་གླིང་ལ་དེང་རབས་ཀྲུང་གོ་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།