མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་2016ལོའི་“རྒྱུད་གཅིག་ལམ་གཅིག་”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་
ལ་གནང་བའི་རྟེན་འབྲེལ་ཞུ་ཡིག

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་26ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་གནང་བའི་2016ལོའི་“རྒྱུད་གཅིག་ལམ་གཅིག་”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་པེ་ཅིང་དུ་སྤེལ་འགོ་བརྩམས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་གནང་ནས་གླེང་སྟེགས་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད། 
         རྟེན་འབྲེལ་ཞུ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ། 
         2016ལོའི་“རྒྱུད་གཅིག་ལམ་གཅིག་”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་སྤེལ་འགོ་རྩོམ་པའི་མཛད་སྒོ་འཚོགས་པའི་སྐབས་འདིར་ངས་གླེང་སྟེགས་སྤེལ་འགོ་རྩོམ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཁག་ནས་ཕེབས་པའི་སྨྱན་སྦྱོར་ལས་ཁུངས་ཀྱི་སྐུ་མགྲོན་རྣམས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་རྒྱུ་ཡིན། 
         དར་གོས་འགྲུལ་ལམ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་རྒྱུ་ནོར་ཡིན། ཀྲུང་གོས་དར་གོས་འགྲུལ་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་“རྒྱུད་གཅིག་ལམ་གཅིག་”གི་གྲོས་འགོ་བཏོན་ཏེ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་རྩ་དོན་དུ་བཟུང་སྟེ་སྲིད་ཇུས་མཐུན་སྦྱོར་དང་། སྒྲིག་བཀོད་འབྲེལ་མཐུད། ཉོ་ཚོང་བྲིན་རྒྱུགས། དངུལ་རྩ་རྒྱུན་འཁོར། དམངས་སེམས་དམ་འབྲེལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། “རྒྱུད་གཅིག་ལམ་གཅིག་”རྒྱུད་ཀྱི་རྒྱལ་ཁབ་ཁག་གི་ངོས་འཛིན་གཅིག་མཐུན་ཁྱབ་རྒྱ་ཆེན་པོ་བྱུང་ཡོད། ཀྲུང་གོས་“རྒྱུད་གཅིག་ལམ་གཅིག་”རྒྱུད་ཀྱི་རྒྱལ་ཁབ་ཁག་དང་མཉམ་དུ་“རྒྱུད་གཅིག་ལམ་གཅིག་”གི་གཉིས་ཕན་མཉམ་ལས་དྲ་བ་འཛུགས་པ་དང་། མཉམ་ལས་བྱེད་སྟངས་གསར་པ་མཉམ་གཏོད། སྣ་མང་མཉམ་ལས་སྟེགས་བུ་གསར་གཏོད། གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞིར་སྐུལ་སྤེལ་བཅས་བྱེད་པ་དང་། ལག་གདང་སྦྲེལ་ནས་“ལྗང་མདོག་དར་གོས་འགྲུལ་ལམ་”དང་། “སྐྱོན་བྲལ་དར་གོས་འགྲུལ་ལམ།” “རིག་སྟོབས་དར་གོས་འགྲུལ་ལམ།”“ཞི་བདེའི་དར་གོས་འགྲུལ་ལམ་”བཅས་འཛུགས་སྐྱོང་བྱས་ནས་“རྒྱུད་གཅིག་ལམ་གཅིག་”རྒྱུད་ཀྱི་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། 
         ཆ་འཕྲིན་ཁྱབ་སྤེལ་དང་། ཕན་ཚུན་ཡིད་ཆེས་ཇེ་ཟབ་ཡོང་བ། ངོས་འཛིན་གཅིག་མཐུན་གཅིག་འགྲིལ་བཅས་བྱ་རྒྱུའི་ཐད་སྨྱན་སྦྱོར་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག་”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱིས་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་བར་གླེང་མོལ་སྤེལ་རེས་དང་དངོས་དོན་གཉེར་བའི་མཉམ་ལས་བྱ་རྒྱུའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཡོད། རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱིས་སྟེགས་བུ་འདི་བཀོལ་སྤྱོད་ལེགས་པོ་བྱས་ཏེ་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། དམངས་སེམས་དམངས་འདོད་མཐུན་སྦྱོར་བྱེད་པ། ཕན་ཚུན་བསམ་ཤེས་ཡིད་ཆེས་ཇེ་ཟབ་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་ཧུར་ཐག་བཞག་སྟེ་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་བྱེད་ཕྱིར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས། 
         2016ལོའི་“རྒྱུད་གཅིག་ལམ་གཅིག་”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཕུན་སུམ་ཚོགས་པོ་གྲུབ་པར་སྔོན་འདུན་ཞུ་རྒྱུ་ཡིན།
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས།
         2016ལོའི་ཟླ་7ཚེས་26ཉིན།