མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ་དང་ཡོ་རོབ་
མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་རུང་ཁེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་14ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ་དང་ཡོ་རོབ་
མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་རུང་ཁེ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅོ་བརྒྱད་པར་ཕེབས་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་རུང་ཁེ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་ཞི་བདེ་དང་། མཐོར་གཏོང་། སྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་འཛུགས་པའི་ཐུན་མོང་གི་ངོས་འཛིན་ད་ལྟ་ལག་བསྟར་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱིའི་གཙོ་གནད་ལས་དོན་ཐད་འཐབ་ཇུས་ཀྱི་སྐད་ཆ་བྱེད་རེས་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལེགས་སུ་གཏོང་བ་དང་འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་ཐོག་འབད་བརྩོན་ཧུར་ཐག་བྱེད་དགོས་པ་མ་ཟད། ཀྲུང་གོ་དང་ཡོ་རོབ་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་ཆགས་པ་བྱེད་པ་དང་འབྲེལ་བྱ་སྤྱོད་སྤེལ་དགོས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུད་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ཀྱིས་བློ་རིག་ཡངས་པོས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བའི་རྩ་བ་ནི་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ལ་དམ་འཛིན་བྱེད་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཐུན་མོང་རེ་འབོད་དམ་འཛིན་བྱས་ཏེ་མཉམ་ལས་གཉིས་ཁེའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་འགྱུར་བ་གཏོང་མི་སྲིད་པ་དང་དར་རྒྱས་དང་བརྟན་ལྷིང་གི་ཡོ་རོབ་མནའ་འབྲེལ་དང་དབྱིན་ཇི་མཐོང་འདོད་འདུག་ལ་ཡོ་རོབ་ཕྱོགས་དང་མཉམ་དུ་མུ་མཐུད་ཞི་བདེ་དང་འཕེལ་རྒྱས་ཐད་གཞོལ་འདོད་ཀྱང་འདུག ཀྲུང་གོ་དང་ཡོ་རོབ་ཀྱིས་མཐོང་རྒྱ་ཆེན་པོས་མཉམ་ལས་རྒྱ་ཆེར་གཏོང་དགོས། ཡོ་རོབ་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུས་ཏེ་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤེལ་རེས་དང་ཕན་ཚུན་མིག་དཔེར་འཛིན་པ་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་མཉམ་ལས་བྱ་རྒྱུ་དེ་རིམ་པ་དེ་བས་མཐོ་བའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་ཀྱིས་ཁོང་ཡངས་དཀྱེལ་ཆེས་དཀའ་གནད་སེལ་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དགེ་མཚན་ལྡན་པའི་བྱེད་ཐབས་ཐོག་ནས་འགལ་བ་ཚོད་འཛིན་དང་ཆུང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་དགོས་པ་ཡོད་པས། ཡོ་རོབ་མནའ་འབྲེལ་གྱིས་《ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་ཆོད་ཡིག་》གི་འོས་འགན་ཨང་བཅོ་ལྔ་པ་དུས་བཀག་ལྟར་ལག་བསྟར་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་ལེགས་འགྲུབ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་འཕར་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལེགས་སུ་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ལྷོ་རྒྱ་མཚོའི་གླིང་ཚོམ་གནའ་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན། གནས་ཚུལ་ཅི་འདྲ་ཞིག་གི་འོག་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་ཁྲུན་བཅད་ཀྱིས་ཀྲུང་གོའི་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་ཤུགས་རྐྱེན་ཐེབས་མི་སྲིད། ཀྲུང་གོས་འདུམ་གཅོད་ཁྲུན་བཅད་དེ་གཞིར་བཟུང་བའི་འདོད་ཚུལ་དང་བྱ་སྤྱོད་གང་རུང་ཁས་ལེན་བྱེད་མི་སྲིད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱིའི་ཁྲིམས་སྐྱོང་དང་དེ་བཞིན་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་གཞོལ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་དོ་བདག་རྒྱལ་ཁབ་དང་མཉམ་དུ་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་བྱེད་པའི་ཐད་གཞོལ་བའི་རྨང་གཞིའི་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་། གྲོས་མོལ་བྱས་ནས་འབྲེལ་ཡོད་ཀྱི་རྩོད་གཞི་ཞི་བདེའི་ངང་ཐག་གཅོད་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཐུའུ་སི་ཁེ་དང་རུང་ཁེས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་ཉིན་རེ་བཞིན་ཚད་མཐོའི་གཅིག་ལ་གཅིག་རྟེན་བྱ་རྒྱུ་ཡིན། མིག་སྔའི་དུས་བབ་འོག་ཡོ་རོབ་དང་ཀྲུང་གོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་ཡིན། དབྱིན་ཇིའི་སྤྱི་དམངས་ཀྱིས་འདེམས་ཤོག་འཕངས་པའི་འབྲས་བུ་དང་ཡོ་རོབ་མནའ་འབྲེལ་ནས་དོན་པའི་འཕེལ་རིམ་གྱིས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་མི་སྲིད། ཡོ་རོབ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱ་ཆེ་བའི་ཁྱབ་ཁོངས་ནང་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་སྟེ་འཛམ་གླིང་ཞི་བདེ་དང་། བདེ་འཇགས། དར་རྒྱས་བཅས་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་འདོན་འདོད་ཡོད་ལ་ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོས་གསར་གཏོད་དང་། ཁོར་ཡུག གྲངས་གཞིའི་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་ཡང་རྒྱག་འདོད་ཡོད། ཡོ་རོབ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་རང་ཉིད་ཀྱིས་འཁུར་དགོས་པའི་འོས་འགན་འཁུར་རྒྱུ་ཡིན། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རེ་ཡོད་ཅེས་གསུངས་པ་རེད།