མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་ཀྱི་བཞུགས་མོལ་ཚོགས་འདུ་
གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་23ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་ཀྱི་བཞུགས་མོལ་ཚོགས་འདུ་
གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དབྱིན་ཁྲོན་དུ་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ནི་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་། མཉམ་རོགས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་ཆེན་པོ་ཞིག་དང་། ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཐོན་ལས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་རྒྱུ། ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་བཀོད་པ་ཆེན་པོ་ཞིག སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་ལ་ཕྱུག་པོ་ཆགས་མཁན་ལ་རོགས་རམ་ཐུབ་པ་བྱ་རྒྱུ་དང་མཐར་ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་བྱ་སྤྱོད་ཆེན་པོ་ཞིག་བཅས་རེད། དེས་ན་ངེས་པར་དུ་དུས་བབ་གསལ་རྟོགས་དང་། གནད་དམིགས་གནད་སྨིན། རོགས་སྐྱོར་གཏིང་ཟབ། ཕན་འབྲས་འགན་ལེན་བཅས་བྱས་ཏེ་ལས་ཀའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཡོངས་སུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཉིང་ཞ་རུ་བརྟག་ཞིབ་གནང་རིང་བཞུགས་མོལ་ཚོགས་འདུ་ཆེད་མངགས་འཚོགས་པ་རེད། བཞུགས་མོལ་ཚོགས་འདུར་པེ་ཅིང་དང་། ཐེན་ཅིན། ལེའོ་ཉིང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཕུའུ་ཅན། ཧྲན་ཏུང་། ཀོང་ཏུང་། ཏ་ལེན། སུའུ་ཀྲོའུ། ཧང་ཀྲོའུ། ཉིང་པོ། ཤ་མོན། ཆིང་ཏའོ། ཀོང་ཀྲོའུ། ཧྲེན་ཀྲེན། ཀྲུའུ་ཧའེ་བཅས་རོགས་སྐྱོར་གྱི་ལས་འགན་ཡོད་པའི་ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་9དང་གྲོང་ཁྱེར་9ཡི་ཏང་ཨུད་ཧྲུའུ་ཅི་དང་། ནང་སོག་དང་། ཀོང་ཤིས། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། ཧྲན་ཤིས། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་བཅས་རོགས་སྐྱོར་དང་ལེན་བྱེད་མཁན་ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་12ཀྱི་ཏང་ཨུད་ཧྲུའུ་ཅི། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གསུམ་གྱི་མཉམ་རོགས་འཕེལ་རྒྱས་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་བཅས་ཞུགས་ཡོད་པ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་ཕུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡིའུ་ཆོན་དང་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཅན་ཧྭ་གཉིས་ཀྱིས་ཕུའུ་ཅན་དང་ཉིང་ཞའི་རོགས་སྐྱོར་དང་རོགས་ལས་བྱ་ཚུལ་ངོ་སྤྲོད་གནང་བ་དང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧན་ཀྲེང་དང་། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་མིང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཁྲུན་ཞན། ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཤིང་རུའེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཁོང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱ་ཚུལ་ངོ་སྤྲོད་གནང་བ་མ་ཟད། ད་དུང་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཕྱོགས་གཅིག་ནས་གསན་པ་དང་ཕྱོགས་གཅིག་ནས་ཟིན་ཐོ་བསྐྱོན་པ་དང་སྦྲགས་ཁོང་ཚོ་དང་གྲོས་བསྡུར་སྤེལ་རེས་ཡང་ཡང་གནང་བ་རེད། ཚང་མའི་གཏམ་བཤད་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཤར་རྒྱུད་ས་ཁུལ་སྒྲིག་འཛུགས་བྱས་ནས་ནུབ་རྒྱུད་ས་ཁུལ་ལ་རོགས་སྐྱོར་བྱས་པའི་ལོ་ཉི་ཤུའི་རིང་ཏང་ཀྲུང་དབྱང་གིས་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་ལས་རིམ་མང་དང་། རྣམ་མང་། ཕྱོགས་ཡོངས་བཅས་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱེད་སྟངས་ཤིག་ཆགས་ནས་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཆེ་རུ་འགྲོ་བའི་ཁ་ལོ་གཅུན་ཐུབ་པ་བྱུང་ཡོད་ལ་ནུབ་རྒྱུད་ཀྱི་ས་ཁུལ་དབུལ་པོ་དང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་འཕེལ་རྒྱས་ཆེན་པོའང་བྱུང་ཡོད། ནུབ་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཇེ་མཐོར་སོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་སོང་བ། ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། དུས་མཚུངས་སུ་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ལག་བསྟར་ནུས་ལྡན་ཐུབ་པ་དང་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་སོང་ནས་ལེགས་ཆ་གསབ་རེས་དང་། ཡུན་རིང་མཉམ་ལས། དབུལ་སྐྱོར་གནད་དམིགས། ཕན་པ་ཀུན་ཐོབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཀྱང་ཆགས་ཡོད། དེ་ནི་འཛམ་གླིང་ཐོག་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་མ་གཏོགས་སྒྲུབ་མི་ཐུབ། དེ་ཐོག་ནས་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་གྱི་ཡོད། ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་ངེས་པར་དུ་མུ་མཐུད་སྤེལ་རྒྱུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་མི་རིགས་ས་ཁུལ་དང་། མཐའ་མཚམས་ས་ཁུལ། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ། ཡུག་ཅིག་ཏུ་སྦྲེལ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་བཅས་ཀྱི་དབུལ་པོའི་ཚད་གཞི་ཟབ་པ་དང་། རོགས་སྐྱོར་མ་གནས་མཐོ་བ། དབུལ་སྒྲོལ་དཀའ་གནད་ཆེ་བ་བཅས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ཞན་ཆ་ཞིག་རེད། ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབ་དགོས་ན་ངེས་པར་དུ་བརྒྱུད་རིམ་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་སྤྱོད་དགོས་ཞེས་བསྟན་གནང་བ་རེད། དེའི་ཐད་ཁོང་གིས་བླང་བྱ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་ངོས་འཛིན་མཐོར་གཏོང་གིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་ཆ་སྒྲིག་འཐུས་ཚང་གིས་རོགས་སྐྱོར་ཟབ་ཏུ་གཏོང་དགོས་པ། གསུམ་ནས་གཙོ་གནད་གཏན་འཁེལ་གྱིས་གནད་དམིགས་གནད་སྨིན་བྱེད་དགོས་པ། བཞི་ནས་དཔྱད་ཞིབ་ལ་ཤུགས་སྣོན་གྱིས་ཕན་འབྲས་འགན་ལེན་བྱེད་དགོས་པ་བཅས་སོ།
         ཞིས་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་དེ་མཐའ་མའི་མཁར་རྫོང་གཏོར་བའི་དུས་མཚམས་སུ་སླེབས་ཡོད། ད་ལྟ་ང་ཚོས་དབུལ་སྐྱོར་བྱེད་ས་མང་ཆེ་བ་ནི་དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་དཀའ་ངལ་ཆེ་བའི་ཁྲོད་ཀྱི་དཀའ་ངལ་ཆེ་བ་ཤ་སྟག་ཡིན་པས་ཆོད་སེམས་སྔར་བས་ཆེན་པོ་དང་། བསམ་ཕྱོགས་སྔར་བས་གསལ་པོ། བྱ་སྤྱོད་སྔར་བས་གནད་སྨིན་བཅས་ཀྱི་ཐོག་ནས་ལས་དོན་ལ་དམ་འཛིན་བྱེད་དགོས། དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་རྒྱུ་དང་དབུལ་སྒྲོལ་དུས་ཚོད་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ལས་རིམ་པ་བཞིན་གནོན་ཤུགས་སྤྲོད་མི་རུང་། དབུལ་སྐྱོར་ངོ་མ་བྱེད་པ་དང་། དབུལ་པོ་ངོ་མར་རོགས་སྐྱོར་བྱེད་པ། དབུལ་སྒྲོལ་ངོ་མ་ཡོང་བ་བྱེད་པ་བཅས་བྱ་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལས་དོན་དམ་འཛིན་བྱེད་པར་བརྗིད་ཆེའི་བློ་སྟོབས་དགོས་ལ་ཚན་རིག་དང་མཐུན་པའི་རྣམ་འགྱུར་དེ་བས་ཀྱང་དགོས་ཞེས་ནན་བཤད་གནང་བ་སྟེ། གཅིག་ནས་འགོ་ཁྲིད་ཀྱི་ལས་དོན་ཏན་ཏིག་དགོས་ཤིང་། ཇུས་འགོད་ཏན་ཏིག་དང་། སྐུལ་འདེད་ཏན་ཏིག སྤྱོད་ཚུལ་ཏན་ཏིག་བཅས་ཡོང་བ་བྱས་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས་པ་དང་། གཉིས་ནས་ལས་འགན་དང་འགན་འཁྲི་ཏན་ཏིག་དགོས་ཤིང་། ལས་བགོས་ཏན་ཏིག་དང་། འགན་འཁྲི་ཏན་ཏིག འགན་འཁྲི་རྩད་གཅོད་ཏན་ཏིག་བཅས་བྱེད་ཐུབ་པ་བྱས་ནས་ལས་བགོས་ཁ་གསལ་དང་། འགན་འཁྲི་ཁ་གསལ། འགན་སྒྲུབ་ལྕག་སྐུལ། འགན་འཁྲི་ཤོར་བའི་འགན་འཁྲི་རྩད་གཅོད་བཅས་བྱེད་དགོས། གསུམ་ནས་མ་དངུལ་འགན་ལེན་ཏན་ཏིག་དགོས་ཤིང་། གཏོང་ཆ་ཏན་ཏིག་དང་། མ་དངུལ་ཏན་ཏིག དམིགས་འབྱོར་ཏན་ཏིག་བཅས་ཡོང་བ་བྱས་ནས་སྤྱོད་མཁས་པོ་དང་། བེད་སྤྱོད་ཡག་པོ། འགག་རྩར་བེད་སྤྱོད། ཕན་འབྲས་ཐོན་པ་བཅས་བྱེད་དགོས། བཞི་ནས་ལྟ་བཤེར་དང་ཞིབ་བཤེར་རྩིས་ལེན་ཏན་ཏིག་དགོས་ཤིང་། ལམ་ལུགས་ཏན་ཏིག་དང་། སྒྲིག་སྲོལ་ཏན་ཏིག ལྟ་སྐུལ་ཏན་ཏིག་བཅས་ཡོང་བ་བྱས་ཏེ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་ཞིབ་བཤེར་རྩིས་ལེན་ནན་པོ་བྱེད་པ་ལས་ནར་འགྱངས་བྱེད་མི་རུང་ལ་རྫུན་ཞུ་ཡང་བྱེད་མི་རུང་བ་བཅས་རེད།
         ཞིས་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ནི་བསྒྲུབ་ནས་གྲུབ་པ་ཞིག་ཡིན་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བློ་སེམས་གཅིག་ཏུ་བསྒྲིལ་རྒྱུར་བརྟེན་དགོས། ས་ཁུལ་དབུལ་པོས་དབུལ་པོའི་གནས་ལས་སྒྲོལ་བའི་སེམས་ཤུགས་དང་ནང་ངོས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། སྔར་བས་སྙིང་སྟོབས་ཆེར་སྐྱེད་དང་སྔར་བས་ལས་དོན་ཏན་ཏིག་བསྒྲུབ་པའི་སྤྱོད་ཚུལ་ལ་བརྟེན་པ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པ་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།