མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་བསམ་བློར་བཅིངས་འགྲོལ་དང་དམ་པ་དོན་
གཉེར་གྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་རྒྱལ་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་
ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་22ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་བསམ་བློར་བཅིངས་འགྲོལ་དང་དམ་པ་དོན་
གཉེར་གྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་རྒྱལ་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་
ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ས་ཁུལ་དང་མི་རིགས་སུ་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རང་འགུལ་ངང་མཉམ་འདྲེས་ཐུབ་པ། བསམ་བློར་བཅིངས་འགྲོལ་དང་། དམ་པ་དོན་གཉེར། འབད་འབུངས་མདུན་སྐྱོད་སྔར་ལས་ལྷག་པ་བྱས་ཐོག དཔལ་འབྱོར་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པོ། མི་དམངས་ཕྱུག་འགྱུར་བཅས་ཧུར་ཐག་ཡོང་བ་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         དབྱར་གཞུང་གི་ཉིང་ཞའི་ས་ཕྱོགས་གང་སར་གནའ་ཉམས་དོད་ལ་དེང་རབས་ཀྱི་རྣམ་པ་གསར་པས་ཁེངས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཡོད་ཅིང་། ཟླ་7ཚེས་18ནས་20ཉིན་བར་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཅན་ཧྭ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་ཚབ་ཀྲུའུ་ཞི་ཞན་ཧུའེ་ཡི་ཕེབས་རོགས་འོག་ཞིས་ཅིན་ཕིང་ཀུའུ་ཡོན་དང་དབྱིན་ཁྲོན་སོགས་ས་ཆར་ཕེབས་ནས་གྲོང་གསེབ་དང་། ཁེ་ལས། གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་རྟེན་གཞི་བཅས་སུ་གཟིགས་ཞིབ་གནང་སྟེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་བྱེད་ཚུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཚུལ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་བཅས་ལ་རྟོག་ཞིབ་གནང་བ་རེད།
         ཚེས་18ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་ཀུའུ་ཡོན་གྲོང་ཁྱེར་ལིའུ་ཕན་ཧྲན་གནམ་ཐང་དུ་གནམ་གྲུ་ནས་བབས་གནང་རྗེས་རླངས་འཁོར་ནང་ཆུ་ཚོད་གཅིག་ལྷག་ཙམ་བཞུགས་ཐོག་ཅི་ཤིས་རྫོང་ཅང་ཐའེ་པའོ་རུ་ཕེབས་ནས་དམར་དམག་རྒྱང་སྐྱོད་དམག་དཔུང་མཉམ་འཛོམས་དྲན་གསོའི་རྡོ་རིང་ལ་གཟིགས་པ་དང་དམར་དམག་རྒྱང་སྐྱོད་དམག་དཔུང་མཉམ་འཛོམས་དྲན་གསོའི་སྐྱེད་ཚལ་དང་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ་རེད། དེ་དང་དུས་མཚུངས་ཁོང་གིས་དྲན་གསོའི་རྡོ་རིང་ལ་མེ་ཏོག་སི་ར་ཕུལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ལན་གསུམ་ཞུས་པ་རེད།
         ཚེས་18ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་གིས་ཀུའུ་ཡོན་གྲོང་ཁྱེར་དུ་ཆར་པར་མ་འཛེམ་པར་གྲོང་ཚོ་གཉིས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཅིང་ཡོན་རྫོང་ཏ་དབན་ཤང་དབྱང་ལིང་གྲོང་ཚོར་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་བ་དང་ཧུད་རིགས་དུད་ཚང་དབུལ་པོ་མ་ཁོའོ་དང་མ་ཁེ་ཅུན་གྱི་ཁྱིམ་དུ་ཕེབས་ནས་དབུལ་སྒྲོལ་བྱ་ཐབས་བཟོས་ལུགས་དང་དོན་འཁྱོལ་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་ཚོ་དང་གྱེས་སྐབས་གནས་ཚུལ་ཐོས་ནས་དེ་གར་ཡོང་བའི་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཞིས་ཅིན་ཕིང་གིས་ཁོང་ཚོ་དང་ཕྱག་གཏོང་རེས་གནང་ནས་ཡུལ་མི་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་དེ་བས་ཡངས་སུ་འགྲོ་རྒྱུའི་སྨོན་འདུན་ཞུས་པ་རེད།
         ཚེས་19ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་དབྱིན་ཁྲོན་གྲོང་ཁྱེར་ཅིང་ཕུང་ཆུས་གྲོང་གསར་གྱི་དབྱི་སི་ལམ་ཆོས་ཁང་དུ་ཕེབས་ཤིང་། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཉིང་ཞ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཧྥ་མིང་དང་ཆོས་ཁང་དེའི་ཨ་ཧོང་མ་ཧྲེང་མིང་གཉིས་ཀྱི་ཕེབས་རོགས་འོག་ཞིས་ཅིན་ཕིང་ཆོས་ཁང་ནང་ཕེབས་ནས་དབྱི་སི་ལམ་ཆོས་ཁང་གི་རྒྱུན་གཏན་དོ་དམ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་། རང་སྐྱོང་ལྗོངས་དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣར་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་དེ་རྗེས་སླར་ཡང་ཕྱག་ཁང་གི་ཕྱི་རོལ་དུ་དད་ལྡན་མང་ཚོགས་དང་སྤེལ་རེས་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་ཡོན་ལུང་གནས་སྤོས་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་ཤིང་། དེ་ཁུལ་ནི་ལོ་20ཡི་གོང་ཞིས་ཅིན་ཕིང་སྐུ་ངོ་མས་གྲོས་འགོ་བཏོན་གནང་ནས་ཕུའུ་ཅན་དང་ཉིང་ཞ་གཉིས་ཀྱིས་མཉམ་དུ་བསྐྲུན་པའི་སྣོད་བཅུད་གནས་སྤོས་བྱ་ཡུལ་ཞིག་ཡིན་པ་རེད། ལོ་20འདས་རྗེས་དེ་སྔའི་མི་8000ལས་མེད་པའི་གནས་སྤོས་ཡུལ་མི་དབུལ་པོའི་གྲོང་ཚོ་དེ་ད་ཆ་མི་ཁྲི་6ལྷག་ཙམ་ཟིན་པའི“སྔོ་ལྗང་མཛེས་ལྗོངས་ཀྱི་གྲོང་རྡལ་ཆུང་ངུ”ཞིག་ཏུ་གྱུར་བ་དང་དེ་སྔའི་བྱེ་སའི་ཁུལ་དེ་ད་ཆ་ལྗོན་ཤིང་སྣ་ཚོགས་སྐྱེས་པའི་སྔོ་ལྗང་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད།
         ཚེས་19ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་གིས་དབྱིན་ཁྲོན་དུ་ཉིང་ཀྲེ་ལས་གཏོད་ཁུལ་དང་ཉིང་ཏུང་ནུས་རྒྱུ་རྫས་འགྱུར་བཟོ་ལས་རྟེན་གཞིར་རྟོག་ཞིབ་གནང་བ་རེད།
         རྟོག་ཞིབ་གནང་བའི་བརྒྱུད་རིམ་ནང་ཞིས་ཅིན་ཕིང་གིས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་སྙན་སེང་གསན་ནས་ཉིང་ཞའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་བརྒྱུད་རིམ་ནང་ཉིང་ཞ་ཡིས་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་ཐུགས་རེ་གནང་བ་རེད། 

【1】  【2】  【3】  【4】  【5】  【6】

༄༅།།ཞིས་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་བསམ་བློར་བཅིངས་འགྲོལ་དང་དམ་པ་དོན་
གཉེར་གྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་རྒྱལ་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་
ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།