མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ནམ་ཡང་སྐྱོད་བཞིན་པའི་རྒྱང་སྐྱོད་གསར་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲོས་བསྡུར་འཁྲུག་པོ་བྱས་པའི་སྐོར།    
         ཉིན་ཤས་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གནང་བ་ལྟ་ཉན་བྱས་རྗེས། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་ནན་ཏན་བྱས་ནས་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་བརྗེད་པ་དང་། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ནས་ང་ཚོ་མི་རབས་འདིས་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།
         གང་ནས་ཡོང་བ་མི་བརྗེད་པ་བྱས་ནས་ལམ་བུ་གསར་པར་ཡག་པོ་བསྐྱོད་དགོས།
         “‘རང་མི་རིགས་ཀྱི་བྱུང་བ་མི་ཤེས་ན། མི་རིགས་དེར་མདུན་ལམ་མེད’ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་འདི་ལོ་ལོ་66ལ་སླེབས་པའི་དེས་ལྦེ་རོགས་ཨ་འགོག་ལ་ཞུགས་མྱོང་བའི་ཅང་ཤིས་ཞིང་ཆེན་ཡུས་ཏུའུ་རྫོང་ལིང་པེ་གྲོང་རྡལ་ཤེ་ཝུའུ་གྲོང་ཚོ་ནས་ཡིན་པའི་དམག་མི་རྒན་གྲས་ཤེ་ལིན་ཀུའེ་ཡིས་དེ་ལྟར་བཤད་ཅིང་། ཁོང་གིས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ཕ་མེས་ཚོས་བཞག་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས།“ང་ཚོས་ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས། ན་གཞོན་མི་རབས་ཚོས་ད་ཆའི་བདེ་སྐྱིད་འཚོ་བ་ཇི་ལྟར་བྱུང་བ་ཤེས་དགོས”ཞེས་བཤད། ཧུའུ་པེ་ནས་ཡིན་པའི་དམར་དམག་གི་བུ་ཕྲུག་གི་འཐུས་མི་དམག་དཔོན་ཝང་ཧྲུའུ་ཧྲེང་གི་བུ་མོ་ཝང་ཡུས་ཧུང་གིས་སྔོན་མ་ཕ་མེས་ཀྱིས་རྒྱང་སྐྱོད་ཤུལ་ལམ་ཐོག་བཞག་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་དང་གསར་བརྗེའི་སྙིང་སྟོབས་ལ་བསྐྱར་དྲན་བྱས་ནས“ཀྲུང་གོ་གུང་ཁྲན་ཏང་མིས་ནམ་ཡང་རང་ཉིད་ཀྱི་དུས་རབས་དང་འཚམ་པའི་རྒྱང་སྐྱོད་བྱེད་བཞིན་ཡོད”ཅེས་སྤོབས་པ་ཆེན་པོས་བཤད།
         དུས་རབས་འགྱུར་ཡང་རྒྱང་སྐྱོད་ཀྱི་སྙིང་སྟོབས་རང་རྒྱལ་གྱི་ཀྲུང་གོ་བ་མི་རེ་ངོ་རེའི་སེམས་ནང་བརྒྱུད་སྤེལ་བྱེད་བཞིན་ཡོད།
         “གཡུལ་འགྱེད་དམག་འཐབ་ཐེངས་600ལྷག་ཙམ་བྱས་པ་དང་། གཙང་པོ་དང་ཆུ་བོ་བརྒྱ་ལྷག་ཙམ་སྒྲོལ་བ། རི་མཐོ་གཡང་གཟར་40ལྷག་ཙམ་བརྒལ་བ་སོགས་གསར་བརྗེའི་སྔོན་བྱོན་པ་ཚོས་རང་ཉིད་ཀྱི་ཤ་ཁྲག་ལས་ང་ཚོར‘སེམས་ཀྱི་དད་སེམས་མ་དོར་ན། བགྲོད་པའི་སྟོབས་ཤུགས་ངང་གིས་སྐྱེད’ཅེས་པར་འགྲེལ་བཤད་བརྒྱབ་ཡོད”ཅེས་སློབ་གྲྭ་ཐོན་ནས་ཉེན་རྟོག་ལས་ཀར་ཞུགས་མ་ཐག་པའི་ཀོང་ཤིས་ཧྥང་ཁྲེང་ཀང་གྲོང་ཁྱེར་མཐའ་སྲུང་ཉིང་ལག་རུ་ཁག་གི་རུ་མི་ཝུའུ་ཙེ་ཧུའེ་ཡིས་བཤད་ཅིང་། ཁོང་གིས་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ནམ་ཡང་འདོར་རྒྱུ་མེད། ཉེན་རྟོག་ལས་ཀའི་ནང་བྱ་སྤྱོད་ངོ་མའི་ཐོག་ནས་རང་ཉིད་ཀྱི‘རྒྱང་སྐྱོད་ལམ་བུར’ཡག་པོ་སྐྱོད་དགོས་ཞེས་བཤད། ཐེན་ཅིན་ཚན་རྩལ་སློབ་ཆེན་གྱི་སློབ་ཕྲུག་ལིའུ་ཧྥང་གིས་སློབ་ཆེན་གྱི་ཏང་ཡོན་སློབ་མ་ཞིག་གི་ངོས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ལམ་བུ་གསར་པར་བློ་ཁོག་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བཤད།
         དུས་རབས་འགྱུར་ཡང་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་རབས་འདིའི་མི་རྣམས་ཀྱི་རྒྱང་སྐྱོད་ལམ་བུར་མངོན་བཞིན་ཡོད།
         “མི་རབས་རེར་མི་རབས་རེའི་རྒྱང་སྐྱོད་ཀྱི་ལམ་བུ་ཞིག་ཡོད་པ་དང་། མི་རབས་ཚང་མས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀལ་མོལ་དེར་ཀོང་ཏུང་ནན་གཡོད་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧོང་ཧྭས་གོ་བ་ཟབ་མོ་བླངས་ཤིང་། ཁོང་གིས་རྒྱང་སྐྱོད་ནི་ཕུགས་འདུན་དང་དད་སེམས་ཀྱི་རླབས་ཆེན་རྒྱང་སྐྱོད་ཅིག་ཡིན་པས་རྒྱང་སྐྱོད་ཀྱི་ཤུལ་ལམ་དུ་བཞག་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་གྱིས་གུང་ཁྲན་ཏང་ཡོན་མི་རབས་ཚང་མར་ཕུགས་འདུན་དང་དད་སེམས་ཆེད་མི་ཚེ་ཧྲིལ་པོར་འབད་འཐབ་བྱེད་དགོས་པའི་ལྕག་སྐུལ་གཏོང་བཞིན་ཡོད་ཅེས་བཤད།
         ཐམས་ཅད་མི་དམངས་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་དགོས།
         “མི་སེར་ནི་གནམ་ལྟ་བུ་ཡིན་ལ་ས་གཞི་ལྟ་བུའང་ཡིན་པས། མི་དམངས་བརྗེད་པ་དང་མི་དམངས་དང་བྲལ་ཚེ། ང་ཚོ་ལྟག་ཆུ་ཆད་པའི་རྫིང་བུ་དང་རྩ་བ་མེད་པའི་ལྗོན་ཤིང་ལྟ་བུར་གྱུར་ནས་བྱ་བ་ཐམས་ཅད་ལམ་ལྷོངས་ཡོང་མི་སྲིད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་ཅང་ཤིས་རུའེ་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་རུའེ་ཡིས་ངའི་སེམས་ལ་ཟབ་མོ་ཟུག་བྱུང་ཞེས་བཤད་པ་དང་། ཁོང་གིས་ད་ཆའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་དགོས་ན། ངེས་པར་ཏང་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་དར་རྒྱས་ཡོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་གསར་པ་ལེན་པའི་བརྩོན་ལེན་བྱེད་དགོས་ཞེས་བཤད།
         ཨན་ཧུའེ་ཞིང་ཆེན་ཧོ་ཕེ་གྲོང་ཨུད་ཀྱི་རྒྱུན་ཨུ་ཁྲའོ་ཧུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཆི་ཧྲེང་གིས་རྒྱང་སྐྱོད་ལམ་བུ་གསར་པར་ཡག་པོ་བསྐྱོད་པར་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་གསར་གཏོད་ཀྱི་སེམས་ཤུགས་སྐོང་འཐེན་གང་ཐུབ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་ཁྲོད་བྱས་རྗེས་འཇོག་པ་དང་སྒྱུར་བཅོས་ཁྲོད་ཁོང་ཚོར་དངོས་ཕན་མང་པོ་ཐོབ་པ་བྱས་ནས་བདེ་སྐྱིད་ཀྱི་ཚོར་སེམས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བཤད།
         “རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་རྒྱུའི་ཐད། ང་ཚོར་མང་ཚོགས་ལམ་ཕྱོགས་ཀྱི་མཆོག་ནོར་རྩ་ཆེན་འདི་མཐའ་འཁྱོངས་དང་ལག་ལེན་དུ་འཁྱོལ་དགོས་པའི་བླང་བྱ་བཏོན་ཡོད”ཅེས་ཧའེ་ཁའུ་གྲོང་ཁྱེར་མེ་ལན་ཆུས་ཨུད་ཀྱི་ཧྲུའུ་ཅི་ལུང་ཝུའེ་ཏུང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་ཐག་ཉེ་ཤོས་ཀྱི་ཏང་རྩ་འཛུགས་ཀྱིས་ཕན་ཚུན་བསམ་བློ་གཏོང་སྟངས་བསྒྱུར་ནས་དམངས་འཚོའི་འདུ་ཤེས་དེ་ས་ཞིང་བསྡུ་སྤྱོད་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། གྲོང་ཁྱེར་དོ་དམ་སོགས་དཀའ་གནད་ཆེ་སའི་ལས་ཀའི་ནང་ཁྱབ་པ་བྱས་ཏེ་ལྷག་བསམ་ཟོལ་མེད་དང་། སེམས་རྩ་འཁོལ་པོ། དངོས་གནས་རོགས་རམ་བྱེད་འདོད་པ་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཏེ་བྱས་རྗེས་གཞི་རིམ་ལ་འཇོག་པ་དང་མི་དམངས་ཀྱི་བསྔགས་བརྗོད་ཐོབ་པ་བྱེད་དགོས་ཞེས་བཤད།
         “པད་མ་རྫོང་ནི་སྔོན་དམར་དམག་སྐྱོད་མྱོང་བའི་ས་ཆ་ཞིག་ཡིན”ཞེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་དྷི་མདའ་ཤང་པཎ་ཆེན་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཀརྨ་ཆོས་ཀྱིས་དགའ་བས་སེམས་པ་གནོན་མི་ཐུབ་པའི་ངང་བཤད་ཅིང་། ཁོང་གིས་དམར་དམག་རྒྱང་སྐྱོད་བྱས་ནས་བགྲང་བྱ་བརྒྱད་ཅུ་སོང་ནའང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་ཉམས་པར་མུ་མཐུད་བརྒྱུད་སྤེལ་བྱེད་བཞིན་ཡོད་པས། “ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་མང་ཚོགས་རྣམས་ལ་བྱ་བ་བཟང་པོ་བསྒྲུབས་དགོས”ཞེས་བཤད།
         “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དུས་སྐབས་གསར་པ་འདིར། ནུབ་རྒྱུད་ས་མཐོའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་ཞིང་འབྲོག་པའི་ཕྲུ་གུར་སློབ་གསོ་ཡག་པོ་ཐེབས་པ་བྱ་རྒྱུ་ནི་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་གསར་པ་ཞིག་ཡིན་པས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད་དགོས”ཞེས་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་གི་མཚོ་སྐྱོར་ལས་བྱེད་པ་ཧུའུ་ཝུའེ་ཡིས་བཤད་ཅིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ཉན་རྗེས་སེམས་ནང་གཡོ་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།
         ཟོལ་མེད་དད་སེམས་བཅངས་ནས་ཏང་གི་རྗེས་སུ་འབྲང་དགོས།
         “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་གུང་ཁྲན་ཏང་མིར་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་འཕེལ་ཡོད”ཅེས་ཧྲའན་ཤིས་ཞིང་ཆེན་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཞི་ཆི་དབན་གྱིས་བཤད་ཅིང་། ཁོང་གིས་སྔོན་བྱོན་ཚོས་བློ་དཀར་སེམས་དཀར་གྱིས་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་བྱས་པ་དང་། མི་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱིས་མི་རིགས་བསྐྱར་དར་དང་མི་རིགས་འབྱོར་ཕྱུག་གི་བསམ་འདུན་འགྲུབ་ཆེད་འབད་པ་ལྷོད་མེད་བྱེད་བཞིན་ཡོད་པས། “ཏང་ལ་བློ་དཀར་སེམས་དཀར་དང་དད་ཟོལ་མེད་དད་སེམས་བཅངས་ཚེ། ང་ཚོའི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་ངེས་ཡིན”ཞེས་བཤད།
         རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དད་སེམས་བརྟན་པོ་བཅངས་ནས་ཏང་གི་རྗེས་སུ་འབྲང་དགོས།
         ཉིང་ཞ་ཞིང་འབྲོག་ཐིང་ལས་ཁུངས་ཀྱི་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཝང་རེང་ཁྲུན་གྱིས་དམར་དམག་རྒྱང་སྐྱོད་ནི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། སྔོན་བྱོན་དཔའ་བོར་དྲན་གསོ་བྱེད་དགོས་ལ། ཁོང་ཚོའི་ལོ་རྒྱུས་མི་བརྗེད་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་དགོས། གསར་བརྗེའི་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བླངས་ཏེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་གྱིས་ལོ་རྒྱུས་ཀྱི་འབྲེལ་མཐུད་དབྱུག་པའི་རྒྱུན་བསྐྱངས་ནས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། “དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཕུགས་བསམ་དང་དད་སེམས་བརྟན་པོས་ཏང་གི་རྗེས་སུ་འབྲང་དགོས”ཞེས་བཤད།
         “སྲིང་བལ་ཉལ་ཆས་ཕྱེད་ཀ་དྲས་ནས་འཇོག་པའི”གནས་ཚུལ་ཐོན་ཡུལ་ཧུའུ་ནན་རུའུ་ཁྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྥང་ནན་ལིང་གིས་“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་སྙིང་པོ་བླངས་ཏེ་ཏང་གི་རྗེས་སུ་འབྲང་བའི་དད་སེམས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་བརྟན་པོ་བཅངས་ནས་རྟག་ཏུ་དབུལ་སྒྲོལ་གྱི་ཐབས་ཇུས་དོན་དུ་གཉེར་ཏེ་རུའུ་ཁྲེང་མི་དམངས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།
         ཆིན་ཏའོ་གྲོང་ཨུད་ཀྱི་རྒྱུན་ཨུ་ཧོང་ཏའོ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཝང་ཅན་ཞང་གིས་ཏང་གི་བྱ་གཞག་རྒྱུན་མི་ཆད་པར་གོང་འཕེལ་ཡོང་བ་བྱེད་པར་སྔོན་གྱི་གནས་ཚུལ་བརྗེད་མི་རུང་ལ། རྒྱང་སྐྱོད་བྱེད་དགོས་པའི་རྒྱུ་མཚན་དེ་བས་ཀྱང་བརྗེད་མི་རུང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པའི་ཐོག་མའི་བསམ་འདུན་རེད་ཅེས་བཤད།
         རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གསར་འབྱེད་ཡར་བརྩོན་གྱི་ལེའུ་གསར་པ་རྩོམ་དགོས།
         སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ཉན་རྗེས་ས་ཁུལ་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཤིང་། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཨན་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཅན་ཧྥུང་གིས་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་ཁུལ་གསར་བརྒྱད་པ་ཡིན་པའི་ཀུའེ་ཨན་ཁུལ་གསར་གྱིས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གྲངས་གཞི་ཆེན་པོ་དང་། སྤྲིན་ཚོགས་རྩིས་རྒྱག ཟོག་སྦྲེལ་སོགས་ལས་ཀར་དངོས་འཛིན་དམ་འཛིན་དང་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་རྒྱུ་ཡིན་ཞེས་བཤད།

  
2016-10-19 2016-10-14