མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་དགོས། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ། 
         སྙིང་སྟོབས་ནི་མི་རིགས་ཤིག་ཡུན་རིང་གནས་པར་བྱེད་པའི་བླ་སྲོག་ཡིན་པས་སྙིང་སྟོབས་དེ་མཐོ་ཚད་ངེས་ཅན་ཞིག་ཐོག་གནས་ཐུབ་ཚེ་མི་རིགས་འདི་ཉིད་གཞི་ནས་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་རི་རབ་ལྟར་གཡོ་བ་མེད་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ།
         “རྒྱང་སྐྱོད་དེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་བྱ་སྤྱོད་དཔའ་ཉམས་ལྡན་པ་ཞིག་ཡིན་པས་ང་ཚོར་བསམ་པའི་རྒྱུ་ནོར་རྩ་ཆེན་པོ་ཞིག་བཞག་ཡོད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་དམར་དམག་དཔོན་དམག་ཚོས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་ཆེན་བཏོད་ཡོད་པ་དེ་རེད”དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་དོན་སྙིང་རླབས་ཆེན་དང་སྙིང་སྟོབས་ཀྱི་ནང་དོན་ལ་ཕྱོགས་སྡོམ་གཏིང་ཟབ་དང་རྒྱང་སྐྱོད་སྙིང་སྟོབས་ཀྱིས་དུས་ཀྱི་བར་སྟོང་ལས་བརྒལ་བའི་དུས་རབས་ཀྱི་རིན་ཐང་ལ་གསོན་ཉམས་དོད་པའི་སྒོ་ནས་རྒྱས་བཤད་གནང་ཡོད། ལོ་རྒྱུས་རྒྱུན་འཛིན་བྱས་ནས་གསར་བརྗེའི་སྔོན་བྱོན་པ་ཚོས་བཏོད་པའི་འོད་སྟོང་འཕྲོ་བའི་བྱ་གཞག་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་བར་ང་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལེའུ་གསར་པ་མུ་མཐུད་རྩོམ་དགོས།
         དྲག་ཆར་རླུང་འཚུབ་ཁྲོད་བདེན་དོན་ཆེད་བློ་དཀར་སེམས་དཀར་བྱས་ནས་རྒྱང་སྐྱོད་ཀྱིས་མིའི་རིགས་ཀྱི་བསམ་པའི་མཐོ་ཚད་གསར་པ་ཞིག་བཏོད་ཡོད། ལེ་དབར་ཁྲི་ཡི་ལ་བརྒྱབ་ཀླུང་བརྒལ་བྱེད་རིང་རྒྱང་སྐྱོད་སྙིང་སྟོབས་ལས་རྡོ་རྗེ་བྲག་ལྟར་འགྱུར་མེད་ཀྱི་ཕུགས་བསམ་དང་བདེན་དོན་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་དད་སེམས་བརྟན་པོ་མངོན་པ་དང་། རྒྱལ་སྐྱོབ་དམངས་སྐྱོབ་ཀྱི་འགན་འཁྲི་དང་བློ་འགྱོད་སྤུ་ཙམ་ཡང་མེད་པའི་བློས་གཏོང་མངོན་པ། རང་བཙན་རང་བདག་གི་དཔའ་སྟོབས་དང་དངོས་ཐོག་བདེན་འཚོལ་གྱི་གཤིས་རྒྱུད་མངོན་པ། སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་བློ་རྒྱ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བྱང་ཚད་མངོན་པ། མི་དམངས་གོང་དུ་བཀུར་བའི་བསམ་བློའི་འཁྱེར་སོ་དང་མང་ཚོགས་ཁྲོད་རྩ་བ་བརྟན་པོ་ཚུགས་པར་བྱེད་པའི་སྤྱོད་ཚུལ་མངོན་པ་བཅས་རེད། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་དེས་འགོ་ཁྲིད་པའི་མི་དམངས་དམག་དཔུང་གི་གསར་བརྗེའི་དར་སྲོལ་གསོན་ཉམས་དོད་པོའི་ངང་མཚོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་པའི་མི་རིགས་ཀྱི་གཤིས་རྒྱུད་གཅིག་སྡུད་ཐོག་མཚོན་པ། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་མངོན་ཆེ་ཤོས་བཅས་རེད།
         ད་ཆའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འཕེལ་རྒྱས་ཀྱི་ལས་འགན་ཛ་དྲག་ལ་རྙོག་འཛིང་ཆེ་ཁར་སྒྱུར་བཅོས་ཀྱི་འགག་སྒྲོལ་ཐད་སྔར་བས་དཀའ་ངལ་ཚད་མེད་ཡོད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་དེའི་གསར་གཏོད་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ཆེན་པོ་ཡོད་པ་ནི་དེ་སྔའི་ལེ་དབར་ཁྲི་ཡི་རྒྱང་སྐྱོད་ལས་གཏན་ནས་ཆུང་བ་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བླང་བྱ་བཏོན་གནང་བ་ཇི་བཞིན་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཚེ་ང་ཚོས་གཞི་ནས“ཉེན་ཁ་ཁག་བཞི”ཁྱད་བསད་ཐུབ་པ་དང་། “ཚོད་བགམ་ཆེན་པོ་བཞི”ཐེག་ཐུབ་པ། ད་ཆའི་གངས་རི་བརྒལ་བ་དང་རྩྭ་ཐང་ལས་སྒྲོལ་ཐུབ་པ་མ་ཟད། མདུན་སྐྱོད་ལམ་བུའི་ཐོག་གི“ལོའུ་ཧྲན་རི་བོའི་འཕྲང་ལམ”དང“ལ་ཙི་ཉག་ཁ” ལས་ཀྱང་སྒྲོལ་ཐུབ།
         རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བར་ང་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་ཕུགས་བསམ་དད་སེམས་བརྟན་དུ་བཏང་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སེམས་ཀྱི་དད་སེམས་མ་དོར་ན། བགྲོད་པའི་སྟོབས་ཤུགས་ངང་གིས་སྐྱེད། བགྲང་བྱ་95གོང་འོག་གི་འཚོལ་ཞིབ་དང་བགྲང་བྱ་67ཧུར་བརྩོན་རྒྱལ་སྐྱོང་བརྒྱུད་ང་ཚོས་མི་རིགས་བསྐྱར་དར་གྱི་ཡང་དག་ཁ་ཕྱོགས་འཚོལ་ཐུབ་པར་གྱུར་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། དཀའ་ཚེགས་དང་བར་ཆད་མང་པོ་ཇི་ལྟར་འཕྲད་པ་དང་། ཉེན་ཁ་དང་འགྲན་སློང་ཇི་ཙམ་འཕྲད་ཀྱང་ང་ཚོས་ཐེ་ཚོམ་དང་གཡོ་འགུལ་བྱེད་པར་རྒྱུ་མཚན་མེད། གང་ལགས་ཤེ་ན་ང་ཚོས་དོན་གཉེར་བྱེད་པ་ནི་བདེན་དོན་དང་། བསྲུང་བྱ་ནི་ཆོས་ཉིད། མཚོན་བྱེད་ནི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་ཡིན་པས་རེད།
         རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བར་ང་ཚོས་ངེས་པར་དུ་མི་དམངས་རྣམས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་རྣམས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཕྱིར་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱེད་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་ཡོངས་ཀྱིས་ངེས་པར་དུ་གང་གི་ཆེད་དུ་དང་གང་ལ་བརྟེན་དགོས་པའི་གནད་དོན་བློ་ལ་བརྟན་པོར་ངེས་པ་བྱ་རྒྱུ་ནི་སྲིད་ཏང་ཞིག་དང་སྲིད་དབང་གི་ངོ་བོར་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཀ་ལྟ་བུ་རེད། མི་དམངས་བརྗེད་པ་དང་མི་དམངས་དང་བྲལ་ཚེ་ང་ཚོ་ལྟག་ཆུ་ཆད་པའི་རྫིང་བུ་དང་རྩ་བ་མེད་པའི་ལྗོན་ཤིང་ལྟ་བུར་གྱུར་ནས་བྱ་བ་ཐམས་ཅད་ལམ་ལྷོངས་ཡོང་མི་ཐུབ། དུས་རབས་གསར་པར་འགན་འཁྲི་གསར་པ་ཕྲག་ཐོག་ཏུ་འཁུར་བར་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། ཤ་རུས་གཅིག་འདྲེས། མཉམ་ཤི་མཉམ་གསོན་བཅས་བྱས་ཚེ་གཞི་ནས་དམངས་ཀྱི་སེམས་དང་མཐུན་ནས་ལྕགས་རི་ལྟར་གྱི་གཟི་འོད་འཕྲོ་བའི་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་ཐུབ།
         རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བར་ང་ཚོས་ངེས་པར་དུ་དུས་རབས་འཕེལ་ཕྱོགས་ཀྱི་འགོར་ལངས་ནས་དོན་ཆེན་ལ་གཅིག་འདོམས་དང་ཁྱོན་ཡོངས་ལ་གཅིག་འདོམས་བྱས་ནས་ང་ཚོའི་དམག་དཔུང་འཛུགས་སྐྲུན་ཡག་པོ་དང་། རང་རེའི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་འཛུགས་སྐྲུན་ཡག་པོ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་སྲུང་སྐྱོང་ཡག་པོ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་སྤྱིའི་ལས་འགན་ཡིན་པས་ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པར་བསྟུན་པ་དང་། སྤྱི་ཡོངས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཏང་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་རེའི་ཏང་འདི་ཉིད་ནམ་ཡང་དུས་རབས་ཀྱི་མདུན་ཕྱོགས་སུ་བསྐྱོད་ཐུབ་ཚེ་ང་ཚོས་གཞི་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་དམིགས་སར་དོན་འཁྱོལ་ཐུབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་མི་རིགས་བསྐྱར་དར་གྱི་དམིགས་ཚད་མཐར་མངོན་འགྱུར་ཡོང་ཐུབ།
         རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ནི་ཏང་དང་མི་དམངས་ཀྱི་བློས་གཏོང་ཆེན་པོ་དང་རླབས་ཆེན་གྱི་འཐབ་རྩོད་ཁྲོད་ནས་བྱུང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ཁྲོད་གཅིག་ཏུ་འདྲེས་ཡོད། དེ་ནི་རང་རེའི་ཏང་དང་། རང་རེའི་རྒྱལ་ཁབ། རང་རེའི་མི་དམངས། རང་རེའི་དམག་དཔུང་བཅས་ཟམ་མི་ཆད་པར་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད། ནམ་ཡང་སྐྱོད་མུས་ཀྱི་རྒྱང་སྐྱོད་ཀྱིས་ང་ཚོར་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་ད་ཆའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དེ་ང་ཚོའི་དུས་རབས་ལ་དབང་བའི་འོད་སྟོང་གསར་པ་རྩོམ་དགོས།

  
2016-10-19 2016-10-14