མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ད་ལྟའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ། 
         མི་རབས་ཚང་མར་མི་རབས་སོ་སོའི་རྒྱང་སྐྱོད་ཀྱི་ལམ་བུ་ཡོད་པས་མི་རབས་ཚང་མས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས།
         “ང་ཚོའི་བྱ་གཞག་འཕེལ་རྒྱས་ཇི་འདྲ་བྱུང་ནའང་འདྲ། ཡང་ན་ང་ཚོར་གྲུབ་འབྲས་ཆེན་པོ་གང་འདྲ་ཐོབ་རུང་ང་ཚོས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མུ་མཐུད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས”ཞེས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རང་རེའི་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་རྒྱང་སྐྱོད་ཀྱི་རླབས་ཆེའི་དོན་སྙིང་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པར་དམིགས་ནས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་དེ་རིང་གི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས་པའི“ངེས་པར་དུ་དྲུག”གི་སྤྱིའི་བླང་བྱ་ནན་བཤད་ཤུགས་ཆེན་གནང་ཐོག ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་མུ་མཐུད་དཔའ་ངར་མདུན་སྐྱོད་བྱེད་པའི་དད་སེམས་དང་ཆོད་སེམས་འཕེལ་བར་གནང་ཡོད།
         གདུག་རྩུབ་ཆེ་བའི་འདེད་དམག་བཀག་ནས་རྒོལ་རྡུང་བྱེད་པ་དང་། རང་བྱུང་ཁོར་ཡུག་གི་འགྲན་རྩོད་དྲག་པོ་ལས་ཐར་ཐབས་བྱེད་པ། བར་ཆད་ཐེངས་མང་འཕྲད་རུང་རྒྱུན་ཆད་མེད་པར་དཔའ་ངར་མདུན་སྐྱོད་བྱེད་པ། དཀའ་སྡུག་ཆེ་བའི་དམག་འཐབ་ཐེངས་མང་བརྒྱུད་པ་བཅས་ལས་ལོ་80གོང་གི་རླབས་ཆེན་གྱི་རྒྱང་སྐྱོད་དེས་མིའི་རིགས་ཀྱིས་བདེན་དོན་དོན་གཉེར་དང་འོད་སྟོང་འཕྲོ་བའི་ཞུམ་མེད་ཡར་བརྩོན་གྱི་རླབས་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། རྒྱང་སྐྱོད་ཀྱི་རྒྱལ་ཁ་ནི་ཕུགས་བསམ་བརྟན་གཏོང་དང་དད་སེམས་བརྟན་སྲུང་གི་རྒྱལ་ཁ་ཞིག་དང་། བདེན་དོན་དོན་གཉེར་དང་བདེན་དོན་མཐའ་འཁྱོངས་ཀྱི་རྒྱལ་ཁ་ཞིག མང་ཚོགས་ལ་མཐུན་སྒྲིལ་དང་མང་ཚོགས་ལ་བརྟེན་པའི་རྒྱལ་ཁ་ཞིག དངོས་ཐོག་བདེན་འཚོལ་དང་རིགས་གཞུང་གསར་གཏོད་ཀྱི་རྒྱལ་ཁ་ཞིག་བཅས་ཡིན། རྒྱང་སྐྱོད་ཀྱི་དྲན་སྐུལ་དེ་ཉིད་རང་རེའི་ཏང་དང་ང་ཚོའི་མི་རིགས་ཀྱིས་རྒྱུན་ཆད་མེད་པར་འགག་སྒྲོལ་དཀའ་སེལ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་དད་སེམས་ཀྱི་འབྱུང་གནས་དང་། སྟོབས་ཤུགས་ཀྱི་འབྱུང་གནས། སྙིང་སྟོབས་ཀྱི་འབྱུང་གནས་བཅས་སུ་གྱུར་ཡོད། ད་ཆའི་ཀྲུང་གོ་ཡར་རྒྱས་དང་འཕེལ་རྒྱས་བྱུང་བ་ནི་རྒྱང་སྐྱོད་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ཕུགས་བསམ་འགྲུབ་པར་ངེས་པར་དུ་ང་ཚོས་གཏན་འཁེལ་བྱས་པའི་འགྲོ་ལམ་ཐོག་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་དགོས།
         རྒྱང་སྐྱོད་ནམ་ཡང་བྱེད་མུས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་བཤད་གནང་བ་བཞིན་ང་ཚོ་མི་རབས་འདིའི་རྒྱང་སྐྱོད་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་ཡིན།
         སེམས་ཀྱི་དད་སེམས་མ་དོར་ན། བགྲོད་པའི་སྟོབས་ཤུགས་ངང་གིས་སྐྱེད། ང་ཚོས་ངེས་པར་དུ་ཕུགས་བསམ་དད་སེམས་བརྟན་པོ་དང་བསམ་བློ་དང་རིགས་པའི་གཞུང་ལུགས་བརྟན་པོ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་བསམ་འོད་སྣང་གིས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱེད་པ་དང་། དད་སེམས་སྟོབས་ཤུགས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། སེམས་ནང་མི་དམངས་བཅངས་ཚེ་བྱ་སྤྱོད་ཐད་ཁ་ཕྱོགས་ཡོད་པར་གྱུར། ང་ཚོས་ངེས་པར་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་ཐམས་ཅད་མི་དམངས་ཀྱི་ཆེད་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་རེའི་ཏང་ལ་དུས་ནམ་ཡང་མི་དམངས་མང་ཚོགས་ཚོའི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་འགའི་ཕུགས་བསམ་དང་འཚོལ་ཞིབ་མངོན་པ་དང་། མི་དམངས་དུང་ཕྱུར་མང་པོའི་འབད་འཐབ་དང་བློས་གཏོང་གཅིག་སྡུད་ཐུབ་ཡོད། ང་ཚོས་ངེས་པར་དུ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས་གསར་དུ་ཤེས་ཐུབ་པ་དང་། གསར་དུ་གཏོད་ཐུབ་པ། གསར་དུ་སྐྲུན་ཐུབ་པ། མདུན་དུ་སྐྱོད་ཐུབ་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དུས་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པ་བྱེད་དགོས།
         རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ནས་དེ་རིང་གི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་ནི་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་ང་ཚོར་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན། དེ་རིང་གི་རྒྱང་སྐྱོད་དང་སྐབས་དེ་དུས་ཀྱི་དམར་དམག་རྒྱང་སྐྱོད་བསྡུར་བ་དང་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ང་ཚོས་བསྐྱོད་པའི་རྒྱང་སྐྱོད་ལམ་བུ་གསར་པ་དང་བསྡུར་ཚེ་གསར་གཏོད་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་གཅིག་མཚུངས་ལྡན་པའི་བྱ་གཞག་ཅིག་ཡིན་པས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་གཅིག་འདོམས། ཁྱོན་ཡོངས་ལ་ལྟ་འདོམས། འཐབ་ཇུས་ཀྱི་གཙོ་གནད་ལ་དམ་འཛིན་བཅས་གཅིག་མཚུངས་བྱས་ནས་འགག་རྩར་ཚད་བརྒལ་ཡོང་བ་དང་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་ཐོབ་པ་བྱེད་དགོས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཚེ་གཞི་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྔ་ཕྱི་བར་གསུམ་དུ་གསར་གཏོད་ཀྱི་གསོན་ཤུགས་ལྡན་ངེས་ཡིན། ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་མཐའ་འཁྱོངས་དང་། དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ་གཞི་ནས་མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་གཤིས་བཅས་ནམ་ཡང་གནས་ངེས་ཡིན། ཏང་གི་འགོ་ཁྲིད་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་ངང་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ཚེ། རང་རེའི་ཏང་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་ངེས་ཡིན།
         “ཀྲུང་གོར་བསྔགས་བརྗོད་བྱེད་འོས་པའི་འོད་སྟོང་འཕྲོ་བའི་མདུན་ལམ་ཡོང་ངེས་ཡིན”ཞེས་་པ་དང་། “ང་ཚོའི་མི་རིགས་གནོང་འགྱོད་མེད་པའི་ངང་མིའི་རིགས་ཀྱི་མདུན་གྲལ་དུ་འགྱིང་ངེར་གནས་ངེས་ཡིན”ཞེས་པའི་ཧྥང་ཀྲི་མིན་གྱིས་འབྱུང་འགྱུར་གྱི“གཅེས་པར་འོས་པའི་ཀྲུང་གོར་”བསམ་ཚོད་དེ་འདྲ་གནང་ཡོད། ང་ཚོ་མི་རབས་འདིས་སྔོན་བྱོན་པའི་བྱ་གཞག་རྒྱུན་འཛིན་གྱིས་ད་ཆ་འབད་འཐབ་བྱེད་བཞིན་ཡོད་ལ་འབྱུང་འགྱུར་གྱི་འགྲོ་ལམ་དེ་བས་གཏོད་དགོས་ཀྱི་ཡོད། ང་ཚོས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ནས། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་། ཞུམ་པ་མེད་པའི་བློ་སྟོབས། ཏན་ཏིག་གི་བྱ་སྤྱོད་བཅས་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་ཕུགས་འདུན་ཆེན་པོའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་དང་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས།

  
2016-10-19 2016-10-14