མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་30ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ལ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། 
         སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་ནན་པོས་སྐྱོང་རྒྱུར་རེ་སྒུག་ཆེན་པོ་བྱེད་པའི་ལས་འགན་འཁུར་བ་དང་། ཚེས་27ཉིན་སྤྱི་བསྒྲགས་སྤེལ་རྗེས་འཕྲལ་མར་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་དོ་ཁུར་དང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།
         “སྤྱི་བསྒྲགས་ཀྱི་དགོངས་པ་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པ་ལས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་མ་གཏོང་བའི་ཆོད་སེམས་མཚོན་ཡོད”རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས། ཏང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་ཆགས་པར་བྱས་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་མུ་མཐུད་སྐུལ་སྤེལ་བཏང་སྟེ། རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ལམ་བུ་གསར་པར་སླར་ཡང་འོད་སྟོང་འབར་བའི་ལེའུ་གཏོད་རྒྱུ་ཡིན་ཞེས་བརྗོད།
         ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ནང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་མ་གཏོང་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་མངོན་པ་མ་ཟད། ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུའི་འགྱུར་མེད་སྟོབས་ལྡན་གྱི་ཆོད་སེམས་ཀྱང་མཚོན་ཡོད་ཅེས་ཚང་མས་བཤད།
         “ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག‘བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང’ཞེས་དངོས་སུ་བཏོན་གནང་བ་ལས། ཏང་ཡོངས་དང་། དམག་ཡོངས། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་གནས་ས་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་རྒྱག་པའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན་པས། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པར་འགན་ལེན་ནུས་ལྡན་བྱས་ཡོད”ཅེས་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ཀྲོའུ་ཝུན་ཀྲང་གིས་བརྗོད།
         “ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ་དེས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་འབད་འབུངས་ཡར་བརྩོན་ངང་མདུན་སྐྱོད་བྱེད་པར་སྐུལ་མ་ཆེན་པོ་ཐེབས་ཡོད”ཁྲུང་ཆིང་གྲོང་ཁྱེར་ཧྥེང་ཏུའུ་རྫོང་ཤིན་ལུང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡུས་ཐའོ་ཡིས། སྤྱི་བསྒྲགས་ནང“རྒྱལ་ཁབ་གཅིག་དང་སྲིད་ཏང་གཅིག་གི་ངོས་ནས་བརྗོད་ན། འགོ་ཁྲིད་ཀྱི་སྲོག་ཤིང་ནི་གལ་འགངས་ཆེན་པོ་ཡིན་པ”བཏོན་ཡོད་པས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་སྤེལ་གཏོང་རིང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་སྔར་བས་གསལ་པོ་བཟོས་ཁར། ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ཡིད་ཆེས་ཀྱང་བརྟན་དུ་འགྲོ་ཐུབ་པའི་ངོས་འཛིན་བྱས།
         “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ཏང་ཀྲུང་དབྱང་གིས‘ཕྱོགས་ཡོངས་བཞིའི’འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་སྤྱི་ཡོངས་ནས་ཇུས་འགོད་དང་། ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་མཛད་ཇུས་རིམ་པས་ལག་བསྟར་དང་སྐུལ་མ་གཏིང་ཟབ་བཏང་བ་ཞིག་རེད”ཅེས་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཤིན་མིང་གིས་ཏང་ནན་པོས་སྐྱོང་བའི་བླང་བྱ་གསར་པ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཐད་སྲ་ཞིང་བརྟན་པའི་འགན་ལེན་བྱུང་བ་དང་དུས་མཚུངས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་སྒུལ་ཤུགས་མཛད་མཐའ་མེད་པ་མཁོ་འདོན་ཡང་བྱས་ཡོད་པའི་ངོས་འཛིན་གནང་བ་རེད།
         བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་ལྟ་ཞིབ་ཐིང་གི་ཐིང་ཀྲང་གཞོན་པ་པ་སངས་སྒྲོལ་མས་ཡིག་ཆ་གཉིས་པོར་གྲོས་འཆམ་བྱུང་བ་ལས། རང་རེའི་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་གཏིང་ཟབ་བྱས་ཡོད་ལ། ཡུན་རིང་གི་ལག་ལེན་ཁྲོད་གྲུབ་པའི་རང་རེའི་ཏང་གི་ལམ་ལུགས་ཀྱི་གཏན་འབེབས་རྒྱུན་འཛིན་ཡང་བྱས་པ་རེད། དེས་ཏང་གི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་འགྲོ་རྒྱུར་དེ་བས་ནུས་པ་ལྡན་པའི་ལམ་ལུགས་ཀྱི་འགན་ལེན་བྱུང་ཡོད་ཅེས་བརྗོད། 

  
2016-10-19 2016-10-14