མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་
དོན་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་གྱི་སྔ་དྲོ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིང་གྲོང་ཨུད་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་དབྱང་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲེན་ཤིས་ཀྱིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།
         ཁྲེན་ཤིས་ཀྱིས་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ལ་དམ་པོར་དམིགས་ནས་ཕྱོགས་ལྔའི་ཐད་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་གསར་པ་དང་གྲུབ་འབྲས་གསར་པར་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ། ཏང་འཛུགས་སྐྱོང་ཐད་འཕྲད་པའི་དུས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》གི་གཞི་རྩའི་དགོངས་དོན་དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》གི་གཞི་རྩའི་བླང་བྱར་གསལ་འགྲེལ་གཏིང་ཟབ་བཅས་གནང་ཡོད་པ་རེད། སྙན་ཞུའི་རྒྱས་བཤད་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས་དེ་ཁུལ་གྱི་གསན་པ་པོའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་ཅིང་། ཚང་མས་དེ་བས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། དེ་བས་ཏན་ཏིག་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ཀུན་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་བཅས་ཀྱི་ཐོག་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།
         ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཅང་ཅན་གོས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། པེ་ཅིང་དུ་ཡོད་པའི་ཏང་སྲིད་དམག་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བ། མཐོ་སློབ་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་དགེ་སློབ། རིགས་པའི་གཞུང་ལུགས་ལས་དོན་པ་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བཅས་མི་གྲངས་3000ཙམ་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་པེ་ཅིང་དུ་སྒྲོག་འགྲེལ་སྙན་ཞུ་ཐེངས་དང་པོ་སྤེལ་རྗེས་ཚེས་5ཉིན་རྒྱལ་ཡོངས་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།