མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དྲོད་ཁང་རླངས་གཟུགས་
འབུད་ཚད་ཚོད་འཛིན་བྱ་རྒྱུའི་ལས་དོན་ཇུས་གཞི་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་ཆོག་མཆན་གནང་བ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དྲོད་ཁང་རླངས་གཟུགས་འབུད་ཚད་ཚོད་འཛིན་བྱ་རྒྱུའི་ལས་དོན་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དང་ཐཱན་ཉུང་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
     《ཇུས་གཞིའི་》ནང་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱས་ཏེ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་རླབས་རྒྱུན་དང་བསྟུན་ནས་ཐཱན་ཉུང་འཕེལ་རྒྱས་ཀྱི་ལས་དོན་དེ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཐབས་ལམ་གལ་ཆེན་དུ་བརྩི་བ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་དྲོད་ཁང་རླངས་གཟུགས་འབུད་ཚད་ནུས་ལྡན་ངང་ཚོད་འཛིན་བྱེད་དགོས་པ་དང་། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་ལྕགས་འདེབས་དང་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་རའི་བཀོད་སྒྲིག་ཐོན་ཁུངས་ཀྱི་གཏན་འཁེལ་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། ཐཱན་འབུད་ཚད་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོ་འབུད་ཚད་མཉམ་དུ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཐཱན་ཉུང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་གསར་བརྗེ་དང་ཐོན་ལས་གསར་བརྗེའི་ལས་དོན་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་འཛད་སྤྱོད་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་ནང་ཞུགས་ཚད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད།
      《ཇུས་གཞིའི》ནང་2020ལོར་སླེབས་སྐབས་རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2015ལོ་ལས་18%ཆག་ནས་ཐཱན་འབུད་ཚད་བསྡོམས་འབོར་ཚོད་འཛིན་ནུས་ལྡན་ཐུབ་པ་བྱུང་བ་དང་། དབྱང་གཉིས་ཐཱན་འགྱུར་མིན་པའི་དྲོད་ཁང་རླངས་གཟུགས་སྔར་བས་ཚོད་འཛིན་ཐུབ་པ་བྱུང་བ། ཐཱན་བསྡུས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་རིམ་གྱིས་བཙུགས་པ་དང་ཐཱན་ཉུང་ཚོད་ལྟའི་དཔེ་སྟོན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་སྤྱི་དམངས་ཀྱི་ཐཱན་ཉུང་འདུ་ཤེས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་གསལ་བཏོན་བྱས་ཡོད།
     《ཇུས་གཞིའི་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དྲོད་ཁང་རླངས་གཟུགས་འབུད་ཚད་ཚོད་འཛིན་བྱ་རྒྱུའི་གཙོ་གནད་ལས་འགན་ཁག་བརྒྱད་བཏོན་པ་སྟེ། གཅིག་ནི་ཐཱན་ཉུང་གིས་ནུས་རྒྱུའི་གསར་བརྗེར་ཁྲིད་སྟོན་བྱེད་དགོས། ནུས་རྒྱུ་ཐཱན་འབུད་ཀྱི་དམིགས་ཚད་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གྲོན་ཆུང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྫས་འགྱུར་རྡོ་སྣུམ་མིན་པའི་ནུས་རྒྱུ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་རྫས་འགྱུར་རྡོ་སྣུམ་གྱི་ནུས་རྒྱུ་བཟང་སྒྲིག་དང་སྤྱོད་དགོས་པ་དང་། གཉིས་ནི་ཐཱན་ཉུང་ཐོན་ལས་མ་ལག་གཏོད་དགོས། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་མགྱོགས་སུ་བཏང་ནས་བཟོ་ལས་ཁྱབ་ཁོངས་ཀྱི་འབུད་ཚད་ཚོད་འཛིན་དང་ཐཱན་ཉུང་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་མ་ལག་གི་ཐཱན་བསྡུས་ཚད་ཆེ་རུ་གཏོང་དགོས་པ། གསུམ་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐཱན་ཉུང་ཅན་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཐཱན་ཉུང་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན། སྙིགས་རྫས་ཐོན་ཁུངས་ཅན་གྱི་སྤྱོད་རྒྱུ་དང་ཐཱན་ཉུང་ཅན་གྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐཱན་ཉུང་གི་འཚོ་བའི་བྱེད་ཐབས་སྲོལ་གཏོད་དགོས་པ། བཞི་ནི་ས་ཁོངས་ཀྱི་ཐཱན་ཉུང་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། རིགས་དབྱེ་མཛུབ་ཁྲིད་ཀྱི་ཐཱན་འབུད་ཚོད་འཛིན་ལག་བསྟར་བྱས་ཏེ་ས་ཁོངས་ཁག་གཅིག་སྔོན་ལ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁོངས་ཐཱན་ཉུང་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་གསར་གཏོད་བྱས་ཏེ་ས་ཁུལ་དབུལ་པོའི་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ། ལྔ་ནི་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་གི་ཉོ་ཚོང་ཁྲོམ་ར་བསྐྲུན་པ་དང་འཁོར་སྐྱོད་ཐུབ་པ་བྱེད་དགོས། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཉོ་ཚོང་ལམ་ལུགས་བཙུགས་ཏེ་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཉོ་ཚོང་ཁྲོམ་ར་འཁོར་སྐྱོད་བྱེད་པ་དང་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཉོ་ཚོང་རྨང་གཞིའི་འདེགས་སྐྱོར་ནུས་པར་ཤུགས་སྣོན་རྒྱག་དགོས་པ། དྲུག་ནི་ཐཱན་ཉུང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས། གནམ་གཤིས་འགྱུར་ལྡོག་གི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ཐཱན་ཉུང་ལག་རྩལ་ཞིབ་སྤེལ་དང་དཔེ་སྟོན་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐཱན་ཉུང་ལག་རྩལ་ཁྱབ་གདལ་དང་སྤྱོད་ཤུགས་ཆེ་རུ་གཏོང་དགོས་པ། བདུན་ནི་རྨང་གཞིའི་ནུས་པའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དྲོད་ཁང་རླངས་གཟུགས་འབུད་ཚད་བསྡོམས་རྩིས་དང་ཞིབ་རྩིས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དྲོད་ཁང་རླངས་གཟུགས་འབུད་པའི་ཆ་འཕྲིན་ཐེར་འདོན་ལམ་ལུགས་འཛུགས་པ། ཐཱན་ཉུང་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྒྲིག་གཞི་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། བརྒྱད་ནི་རྒྱལ་སྤྱིའི་མཉམ་ལས་ལས་དོན་རྒྱ་ཁྱབ་ངང་སྤེལ་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྒྲིག་ནང་ཞུགས་ཚད་ཟབ་ཏུ་བཏང་ནས་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཁ་ཆད་སྒྲུབ་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
       《ཇུས་གཞིའི་》ནང་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དྲོད་ཁང་རླངས་གཟུགས་འབུད་ཚད་ཚོད་འཛིན་བྱེད་པའི་ལས་དོན་གྱི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དམིགས་ཚད་འགན་འཁྲི་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། མ་དངུལ་གཏོང་ཚད་མང་དུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཇུས་གཞིའི་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།