མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁུ་པ་རྒྱལ་དོན་ཨུ་ལྷན་གྱི་ཀྲུའུ་ཞི་དང་པུའུ་ཀྲང་ཚོགས་འདུའི་ཀྲུའུ་
ཞི་གཅིག་ལྕོགས་ལོར·ཁཱ་སི་ཐེ་ལོར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཅིག་ལྕོགས་ལོར·ཁཱ་སི་ཐེ་ལོར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ནས། ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་གནང་བ་དང་སྦྲགས། སྐུ་སྒེར་གྱི་མཚན་ཐོག་ནས་བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་གནང་བ་དང་ཁོང་གི་ནང་མིར་ལྷག་བསམ་དག་པའི་འཚམས་འདྲི་ཡང་ཞུས་པ་རེད།
         ཞིས་ཅིན་ཕིང་གི་མྱ་ངན་གློག་འཕྲིན་ནང་། བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་ནི་ཁུ་པ་གུང་ཁྲན་ཏང་དང་ཁུ་པ་སྤྱི་ཚོགས་རིང་ལུགས་བྱ་གཞག་གསར་གཏོད་པ་དང་ཁུ་པ་མི་དམངས་ཀྱི་རླབས་ཆེན་གཙོ་འཛིན་ཡང་རེད། ཁོང་གི་མི་ཚེ་གཅིག་གི་སྟོབས་ཤུགས་ཡོད་ཚད་ཁུ་པ་མི་དམངས་ཀྱི་མི་རིགས་བཅིངས་འགྲོལ་བརྩོན་ལེན་དང་། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་བརྗིད་ཆེའི་བྱ་གཞག་ལ་ཕུལ་ནས། ནམ་ཡང་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད་ལ། འཛམ་གླིང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལ་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་བྱས་རྗེས་ཀྱང་བཞག་ཡོད། བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་ནི་ང་ཚོའི་དུས་རབས་འདིའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པས། ལོ་རྒྱུས་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་འཁོད་ཡོད་པ་རེད།
         ཞིས་ཅིན་ཕིང་གིས། བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་སྐུ་འཚོ་བཞུགས་སྐབས་ཀྲུང་གོ་དང་ཁུ་པའི་མཛའ་གྲོགས་འབྲེལ་བར་སྤྲོ་བས་གཞོལ་ཞིང་། ཕྱི་འབྲེལ་བཙུགས་ནས་ལོ་56རིང་། ཀྲུང་གོ་དང་ཁུ་པའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་བ་དེ་ཁོང་གི་ཐུགས་ཁུར་དང་སྐུ་ངལ་བསྐྱོན་པ་དང་ཁ་འབྲལ་ཐབས་མེད། ཁོང་སྐུ་མྱ་ངན་ལས་འདས་པ་དེ་ནི་ཀྲུང་གོ་མི་དམངས་ཀྱི་སྙིང་ཉེ་བའི་བློ་མཐུན་ཞིག་དང་ལྷག་བསམ་དག་པའི་གྲོགས་པོ་ཞིག་མེད་པར་གྱུར་པ་རེད། ཁོང་གི་བརྗིད་ཆེའི་གཟུགས་བརྙན་དང་རླབས་ཆེན་མཛད་རྗེས་ལོ་རྒྱུས་ཀྱི་དེབ་ཐེར་དུ་ནམ་ཡང་གསལ་རྒྱུ་རེད་ལ། རླབས་ཆེན་གྱི་བློ་མཐུན་ཧྥེ་ཏེར·ཁཱ་སི་ཐེ་ལོའོ་ནམ་ཡང་མི་ནུབ་པར་གྱུར་ཅིག་ཅེས་ནན་བཤད་གནང་ཡོད་པ་རེད།