མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སང་ལོ་རང་རྒྱལ་གྱི་ཞིང་ལས་གྲུབ་ཆ་ལེགས་སྒྲིག་ཐད་ལས་དོན་ཁག་ལྔར་གཙོ་གནད་ཐོག་
དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་ནི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད་ལ་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་ནུས་དང་འགྲན་ནུས་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། 2017ལོར་རང་རྒྱལ་གྱི་ཞིང་ལས་གྲུབ་ཆ་ལེགས་སྒྲིག་བྱེད་སྐབས་མ་རྨོས་ལོ་ཏོག་འདེབས་ཚད་ཉུང་གཏོང་སོགས་ལས་དོན་ཁག་ལྔར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱ་རྒྱུ་རེད།
          ཚེས་19ཉིན་ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་མིག་སྔར་རེས་སྐོར་གསར་པའི་ཞིང་ལས་གྲུབ་ཆ་ལེགས་སྒྲིག་གི་འགོ་ཡག་པོ་ཞིག་བཙུགས་ཡོད་མོད། འོན་ཀྱང་སྤུས་ཚད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ཐད་ད་དུང་ཧེ་བག་ཆེན་པོ་འཛོལ་ཡོད་དེ། ཁྲོམ་རའི་དགོས་མཁོ་དང་མི་འཚམ་པ་དང་། ཞིང་འབྲོག་ཟུང་འབྲེལ་ཡག་པོ་མ་ཐུབ་པ། ཐོན་ལས་འབྲེལ་ཐག་རིང་པོ་མེད་པ། ས་ཁོངས་ཀྱི་བཀོད་པ་ལུགས་མཐུན་མིན་པ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་ལ། ཞིང་པར“ལེགས་སྒྲིག་བྱེད་མི་འདོད་པ་དང་། ལེགས་སྒྲིག་བྱེད་མི་ཤེས་པ། ལེགས་སྒྲིག་བྱེད་མི་ཕོད་པ”བཅས་ཀྱི་གནད་དོན་གནས་ཡོད། གོམ་སྟབས་རྗེས་མར་གྲུབ་ཆ་ལེགས་སྒྲིག་བྱེད་པའི་འགག་རྩ་ནི་ཁྲོམ་རའི་དགོས་མཁོ་དང་བསྟུན་པ་དང་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་བྱས་ཏེ་ཐོན་སྐྱེད་བྱེད་ཐུབ་པ་དང་འཚོང་ཐུབ་པའི་འགན་ལེན་བྱེད་པ་དང་འབྲེལ། རིན་གོང་ཡག་པོ་ཞིག་རག་རྒྱུའི་བརྩོན་ལེན་བྱས་ཐོག་ཐོན་སྐྱེད་གཉེར་སྐྱོང་བྱེད་པོའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས་ཞིང་པས་རང་འགུལ་ངང་ལེགས་སྒྲིག་བྱེད་འདོད་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཁོང་གིས་སང་ལོར་རང་རྒྱལ་གྱི་ཞིང་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པར་ཚད་བརྒལ་གསར་པ་དང་རྣམ་པ་གསར་པ་ཆགས་པ་བྱས་ནས་གཙོ་གནད་ཐོག་ལས་དོན་ཁག་ལྔར་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
         དེའང་མ་རྨོས་ལོ་ཏོག་འདེབས་ཚད་མུ་མཐུད་ཉུང་དུ་གཏོང་རྒྱུ་ཡིན་པ། འདི་ལོ་མ་རྨོས་ལོ་ཏོག་གི་ས་བོན་མུའུ་ཁྲི་3000ཙམ་ཉུང་དུ་བཏང་བའི་རྨང་གཞིའི་ཐོག་སང་ལོར་ལེགས་ལྡན་ཐོན་ཁུལ་མིན་པའི་མ་རྨོས་ལོ་ཏོག་མུའུ་ཁྲི་1000མུ་མཐུད་ཉུང་དུ་གཏོང་རྒྱུ་ཡིན་པས་རིམ་རྩིས་བྱས་ན་སྤྱི་འབོར་མུའུ་ཁྲི་4000ཉུང་དུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་དང་།
         ཕག་པ་གསོ་ཚགས་དང་དཀར་ཆུའི་ཐོན་ལས་དར་རྒྱས་གཏོང་བ། ལྷོ་ཕྱོགས་ས་ཁུལ་གྱི་ཕག་པ་གསོ་ཚགས་ཕྱོགས་སྒྱུར་རིམ་སྤོར་ལ་ཤུགས་སྣོན་རྒྱག་པ་དང་མ་རྨོས་ལོ་ཏོག་འདེབས་ཁུལ་གཙོ་བོར་ཕག་པ་གསོ་ཚགས་བྱེད་པ་དང་ས་རྒྱ་ཆེ་སར་ཕག་པ་གསོ་ཚགས་བྱ་རྒྱུའི་སྣེ་ཁྲིད་བྱ་རྒྱུ་ཡིན་པ། སྤུས་ལེགས་དཀར་ཆུའི་ཐོན་ཁུངས་རྟེན་གཞི་བསྐྲུན་ནས་ཀྲུང་གོའི་དཀར་ཆུའི་ཐོན་ལས་ཀྱི་མདུན་གྲས་20ལ་དམ་འཛིན་བྱས་ཏེ་རང་རྒྱལ་གྱི་སྤུས་རྟགས་གཏོད་པ་དང་མི་རིགས་ཀྱི་དཀར་ཆུའི་ཐོན་ལས་དར་རྒྱས་གཏོང་རྒྱུ་ཡིན་པ།
         ཉ་ལས་ཉུང་གཏོང་དང་འབབ་འཕར་དང་། ཐོན་ཁུངས་བདག་སྐྱོང་ལ་སྐུལ་འདེད་གཏོང་བ། སྐྱོན་བྲལ་གསོ་ཚགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ས་ཁོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ། གསོ་ཚགས་འདུས་ཚད་ཉུང་དུ་གཏོང་བ་བཅས་བྱས་ནས་མ་འཇོག་མང་བ་དང་བཙོག་སྐྱོན་ཆེ་བའི་ཆུ་ཐོན་ཐོན་རྫས་གསོ་ཚགས་གཞི་ཁྱོན་མཐའ་གཅིག་ཏུ་ཉུང་དུ་གཏོང་རྒྱུ་ཡིན་པ། རྒྱ་མཚོ་དང་ཉེ་བའི་སར་གསོ་ཚགས་བྱེད་ཚད་རིམ་བཞིན་ཉུང་དུ་བཏང་ནས“རྒྱ་མཚོའི་འབྲོག་ར”འཆར་འགོད་དང་འཕེལ་རྒྱས་བཏང་སྟེ་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་ཐོན་སྐྱེ་དངོས་སྲུང་སྐྱོང་ཁུལ་དུ་སྔོན་ལ་ཕྱོགས་ཡོངས་ནས་ཉ་འཛིན་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་པ།
         ཁྱད་ལྡན་ལེགས་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ས་ཁོངས་ཀྱི་ཁྱད་ལྡན་ལེགས་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་ལས་ཐོན་ལས་ཀྱི་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ཏེ་ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གྱིས་ས་གནས་ཀྱི་ཁྱད་ལྡན་སྔོ་ཚལ་དང་། ཀྭ་རིགས། ཇ། མེ་ཏོག་སོགས་ཀྱི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་ཡིན་པ།
         གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཞིང་པ་ལས་མི་དང་། སློབ་ཆེན་སློབ་མ། དམག་ཞབས་ཐིམ་པའི་དམག་མི། ཞིང་ལས་ཚན་རྩལ་མི་སྣ་སོགས་ཕ་ཡུལ་དུ་ཕྱིར་ལོག་དང་གཤམ་སྐྱོད་བྱས་ནས་ལས་གཏོད་གསར་གཏོད་བྱ་རྒྱུར་རོགས་རམ་བྱ་རྒྱུ་གཙོ་བོར་བྱེད་པ་དང་། སྲིད་ཇུས་ལ་བརྟེན་ནས་རོགས་རམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་གཏོད་གསར་གཏོད་ཐད་གསོ་སྦྱོང་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་དང་ཞིང་ལས་ཀྱི་དྲ་ཐོག་ཚོང་ཁང་སོགས་ཐོན་ལས་གསར་པ་དང་རྣམ་པ་གསར་པར་རྒྱབ་སྐྱོར་བྱས་ཐོག“དྲ་སྦྲེལ་+”གྱི་དེང་རབས་ཞིང་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ“ལས་གཏོད་གསར་གཏོད”དེ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པར་འགྱུར་བ་བྱ་རྒྱུ་ཡིན་པ་བཅས་རེད།

  
2016-12-01 2016-11-30