མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དྲ་ཐོག་ཚོང་དོན་བཅའ་ཁྲིམས་གྲོས་ཞིབ་བྱ་རྒྱུར་ཐོག་མར་བསྐྱལ་བ།

འཛད་སྤྱོད་པར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཉེ་སྔོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲ་ཐོག་ཚོང་དོན་བཅའ་ཁྲིམས་(འཆར་ཟིན)》རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་གྲོས་ཞིབ་བྱ་རྒྱུར་ཐོག་མར་བསྐྱལ་བ་རེད། འདི་ནི་རང་རྒྱལ་གྱི་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཀྱི་བཅའ་ཁྲིམས་ཐོག་མ་ཡིན་པ་དེས་དྲ་ཐོག་ཚོང་དོན་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་ཚད་ལྡན་བཟོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། འཆར་ཟིན་ལ་བསྡོམས་ལེའུ་8དང་དོན་ཚན་94ཡོད་པ་རེད།
       ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། མིག་སྔར་ཉོ་ཚོང་ཁྲོམ་རའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་མོད། དྲ་ཐོག་ཚོང་དོན་ཁྱབ་ཁོངས་སུ་ཁྲིམས་འཛུགས་པ་བལྟོས་བཅས་ཀྱིས་ཕྱི་པོ་ཡིན་པ་རེད། ད་ཐེངས་ཀྱི་ཁྲིམས་འཛུགས་པ་དེ་2013ལོའི་ཟླ་12པར་འགོ་ཚུགས་པ་དང་ལོ་གསུམ་རིང་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་ད་ལྟའི་འཆར་ཟིན་འདི་གྲུབ་པ་མ་ཟད། ཁྲིམས་འཛུགས་སྐབས་འཕེལ་རྒྱས་ལ་སྐུལ་འདེད་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། ཚད་ལྡན་དུ་གཏོང་བ་དང་འགན་སྲུང་བྱེད་རྒྱུ་གལ་ཆེ་མཉམ་འཛིན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད་པ་རེད།
       འཆར་ཟིན་གྱི་ཁྱད་ཆོས་ཆེ་ཤོས་ནི་དྲ་ཐོག་ཚོང་དོན་འཛད་སྤྱོད་པར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ཡོད་པ་དེ་ཡིན་པ་དང་། ས་བཅད་དང་དོན་ཚན་མང་པོར་དེའི་སྐོར་འཁོད་ཡོད། འཆར་ཟིན་ནང་དྲ་ཐོག་ཚོང་དོན་གཉེར་སྐྱོང་བྱེད་པོས་ཕྱོགས་ཡོངས་དང་། དོན་དངོས། གནད་ལ་འཁེལ་བ་བཅས་ཀྱི་ཐོག་ནས་ཚོང་ཟོག་གམ་ཞབས་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་དང་འདེམས་དབང་ལ་འགན་ལེན་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད།
        འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་དམིགས་ནས། འཆར་ཟིན་དུ་དྲ་ཐོག་ཚོང་དོན་གྱི་ཕྱོགས་གསུམ་པའི་ལས་སྟེགས་ལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཕན་པའི་ཚོང་ཟོག་གམ་ཞབས་ཞུའི་སྤུས་ཚད་ཁག་ཐེག་ལམ་སྲོལ་འཛུགས་རྒྱུའི་ལྕག་སྐུལ་བྱས་ཡོད་པ་སྟེ། དྲ་ཐོག་ཚོང་དོན་གྱི་ཕྱོགས་གསུམ་པའི་ལས་སྟེགས་དང་གཉེར་སྐྱོང་བའི་དབར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ཁག་ཐེག་དངུལ་འཇོག་རྒྱུའི་གྲོས་མཐུན་འཇོག་དགོས་པ་མ་ཟད། ཕྱོགས་གཉིས་ཀྱིས་ད་དུང་ཁག་ཐེག་དངུལ་གྲངས་དང་། དོ་དམ། བེད་སྤྱོད། ཕྱིར་སློག་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བཟོ་དགོས་པ་རེད།
        འཆར་ཟིན་ནང་ད་དུང་དྲ་ཐོག་ཉོ་ཚོང་ཁྲོད་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡང་ཁ་གསལ་བཏོན་ཡོད་པ་སྟེ། དྲ་ཐོག་ཚོང་དོན་གཉེར་སྐྱོང་བྱེད་པོས་ནང་ཁུལ་ཚོད་འཛིན་ལམ་ལུགས་དང་ལག་རྩལ་དོ་དམ་བྱ་ཐབས་བཟོས་ཤིང་འཐུས་ཚང་དུ་བཏང་ནས་ཆ་འཕྲིན་ཕྱིར་གྱར་རྒྱུ་སོགས་ལ་སྔོན་འགོག་བྱེད་དགོས། གལ་སྲིད་གནད་དོན་ཐོན་ཚེ། གཉེར་སྐྱོང་བྱེད་པོས་མྱུར་དུ་གུན་གསབ་བྱེད་ཐབས་སྤྱོད་པ་དང་ཆབས་ཅིག སྤྱོད་དུད་ཁག་ལ་དུས་ཐོག་ཏུ་ཤེས་སུ་འཇུག་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཡང་སྙན་སེང་ཞུ་དགོས་ཞེས་འཁོད་ཡོད།
        དོ་སྣང་བྱེད་རིན་ཡོད་པ་ཞིག་ལ། དྲ་ཐོག་ཚོང་དོན་གཉེར་སྐྱོང་བྱེད་མཁན་ཕུད། བཅའ་ཁྲིམས་འཆར་ཟིན་འདིའི་ནང་དུ་དྲ་ཐོག་ཚོང་དོན་གྱི་ཕྱོགས་གསུམ་པའི་ལས་སྟེགས་ཀྱི་འགན་འཁྲི་དང་འོས་འགན་ཡང་ཆེད་དུ་ཁ་གསལ་བཏོན་ནས། ཕྱོགས་གསུམ་པའི་ལས་སྟེགས་སུ་ཚུད་པའི་གཉེར་སྐྱོང་བྱེད་མཁན་གྱི་ཆ་འཕྲིན་ལ་ཞིབ་བཤེར་ཐོ་འགོད་དང་ལྟ་སྐུལ་ཚོད་འཛིན་བྱས་ཏེ་དགོས་ངེས་དང་བློ་འགེལ་ཆོག་པའི་ཉོ་ཚོང་ཁོར་ཡུག་དང་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཆབས་ཅིག ཉོ་ཚོང་སྒྲིག་སྲོལ་སོགས་ཡོངས་བསྒྲགས་དང་དྲང་སྙོམས་དྲང་གཞག་ངང་བཟོས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུར་རམ་འདེགས་སྔར་བས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
        འཆར་ཟིན་ནང་དུ་གློག་རྡུལ་གན་རྒྱ་དང་། གློག་རྡུལ་གཏོང་སྤྲོད། མྱུར་སྐྱེལ་ཟོག་འདྲེན་དང་གཏོང་སྤྲོད། ཁྲོམ་རའི་སྒྲིག་ལམ་དང་གཞུང་དྲང་འགྲན་རྩོད། རྒྱལ་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན། ལྟ་སྐུལ་དོ་དམ་སོགས་ཀྱི་ནང་དོན་ཐད་ལ་ཡང་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་རེད།

  
2016-12-01 2016-11-30