མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་སྟོངས་ལ་ཉེ་བའི་སྲོལ་རྒྱུན་གྱི་གྲོང་
སྡེ་སྲུང་སྐྱོང་གི་ ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། སྲོལ་རྒྱུན་གྱི་གྲོང་སྡེ་ནི“བརྗེད་དཀའ་བའི་ཕ་ཡུལ་གྱི་དྲན་པ”རེད། དེས་ན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་མྱུར་སྐྱོབ་རང་བཞིན་གྱི་བྱེད་ཐབས་ལ་བརྟེན་ནས་སྲོལ་རྒྱུན་གྱི་གྲོང་སྡེ་ཉམས་རྒུད་མི་འགྲོ་བའི་ཆེད་སྟོངས་ལ་ཉེ་བའི་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
          ཚེས་17ཉིན་ཝུའུ་ཧན་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་སྡེ་དང་གྲོང་རྡལ་འཆར་འགོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པའི་ཐོག་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་སྤྱི་ཁྱབ་འདུ་འགོད་པ་ཀྲའོ་ཧུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྟོངས་ལ་ཉེ་བའི་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་འགོ་བརྩམས་པ་ཕུད་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་སྲོལ་རྒྱུན་གྱི་གྲོང་སྡེར་སྲོལ་རྒྱུན་གྱི་གྲོང་མིའི་ཁང་པ་ཡོངས་བཤེར་དང་། བྱང་བུ་བཀལ་ཏེ་སྲུང་སྐྱོང་། སྲོལ་རྒྱུན་གྱི་གྲོང་མིའི་ཁང་པ་སྲུང་སྐྱོང་དང་ཉམས་གསོའི་དཔེ་སྟོན་ཁུལ་གཏོད་པ། རྩིས་ལེན་དང་། བདག་སྐྱོང་། སྲུང་སྐྱོབ། དེ་བཞིན་སྲུང་སྐྱོང་བེད་སྤྱོད་ཀྱི་ཐབས་ལམ་གཏོད་པ་བཅས་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། དེང་སྐབས་རང་རྒྱལ་གྱི་སྲོལ་རྒྱུན་གྱི་གྲོང་སྡེར་རང་བཞིན་ངང་འཇིག་པ་དང་ཉམས་པ་དང་། ཨར་སྐྲུན་གྱི་གཏོར་སྐྱོན་ཕོག་པ། གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ་སོགས་ཀྱི་གནད་དོན་ལྷགས་ཡོད།
        ཨར་སྐྲུན་གྱི་གཏོར་སྐྱོན་ཕོག་ཚད་ཉུང་དུ་གཏོང་ཆེད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་གི་འགན་འཁྲི་དང་འོས་འགན་ཉིད་གྲོང་གསེབ་འཆར་འགོད་ཀྱི་འཛུགས་སྐྲུན་དོ་དམ་གྱི་སྲོལ་ཡིག་ནང་བཅུག་ནས་ལྟ་སྐུལ་ཚད་ལེན་དང་ལྟ་སྐུལ་དོ་དམ་གྱི་མ་ལག་སྐྲུན་པ། ཉེན་བརྡ་དང་ཕྱིར་འཐེན་གྱི་ལམ་སྲོལ་བཟོ་བ། བཤིག་སྐྲུན་ཆེན་པོ་དང་སྲོལ་རྒྱུན་གྱི་གྲོང་སྡེ་ཡུལ་གཞན་དུ་གནས་སྤོ་བྱེད་པ་མཐའ་གཅིག་ཏུ་གཏན་འགོག་བཅས་བྱ་རྩིས་ཡོད་པ་རེད།
        ཀྲའོ་ཧུའེ་ཡིས་སྲོལ་རྒྱུན་གྱི་གྲོང་སྡེའི་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རྒྱུ་ཡང་སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་གི་ལས་ཀའི་འཆར་གཞིའི་ནང་བཅུག་ནས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་སྡེ་ཚན་བདུན་དང་མཉམ་དུ་ཕྱོགས་བསྡུས་རང་བཞིན་གྱི་རྒྱབ་སྐྱོར་སྲིད་ཇུས་བཟོས་ཏེ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་མིའི་ཡོང་འབབ་མང་དུ་གཏོང་བ། ཁོ་ཚོའི་འཚོ་བ་གཏན་་འཇགས་ཡོང་བར་བྱེད་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  
2016-12-01 2016-11-30